དིང་རིའི་ས་ཡོམ་ཁྲོད་གྲམ་ཚོ་ས་གནས་གཅིག་པུའི་ནང་མི་གྲངས་ ༡༠༠ ལྷག་རྐྱེན་འདས་ཕྱིན་འདུག

2025.01.10
དིང་རིའི་ས་ཡོམ་ཁྲོད་གྲམ་ཚོ་ས་གནས་གཅིག་པུའི་ནང་མི་གྲངས་ ༡༠༠ ལྷག་རྐྱེན་འདས་ཕྱིན་འདུག དིང་རིའི་ས་ཡོམ་རྗེས་ཀྱི་པར་རིས། ༢༠༢༥།༠༡།༠༧ ཉིན།
མི་སེར་གྱི་འདྲ་པར།

ཟླ་བ་ ༠༡ ཚེས་ ༡༠ ནི་བོད་ནང་གི་དིང་རི་དང་ཉེ་འཁོར་ས་ཁུལ་མང་དག་ཅིག་ལ་ས་ཡོམ་རྐྱེན་གྱིས་གོད་ཆག་དང་གནོད་འཚེ་ཐེབས་ནས། ཉིན་གྲངས་ ༤ པ་དེ་ཆགས་ཀྱི་ཡོད་པ་དང་། ཕྱི་ཚེས་ ༩ ཉིན་རྒྱ་ནག་གཞུང་འབྲེལ་གཞིས་ཀ་རྩེ་དིང་རི་རྫོང་གི་གསར་འགྱུར་ཡོངས་བསྒྲགས་དང་འབྲེལ། ཐེངས་འདིའི་ཚད་རིམ ༧.༡ ཅན་གྱི་ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་མི་གྲངས་ཁྲི་ ༦ ལྷག་བྱུང་ཡོད་སྐོར་བསྒྲགས་སོང་བ་ལས། རྐྱེན་འདས་ཕྱིན་པའི་གྲངས་ཀ་དེ་མུ་མཐུད་ ༡༢༦ ཡིན་པ་བཀོད་འདུག་ན་ཡང་། འབྲེལ་ཡོད་ས་གནས་བོད་མི་གཉིས་ནས་གྲམ་མཚོ་གྲོང་ཚོ་གཅིག་པུའི་ནང་། ས་ཡོམ་ཁྲོད་གྲམ་མཚོ་གྲོང་མཚོ་གཅིག་པུ་ནས་མི་གྲངས་བརྒྱ་ལྷག་རྐྱེན་འདས་ཕྱིན་ཡོད་པ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། སྤྱི་ཚོགས་དྲ་ལམ་སྟེང་དུ་ས་གནས་ཡུལ་མི་གཉིས་ནས་གྲམ་མཚོ་གྲོང་མཚོ་གཅིག་པུའི་ནང་མི་གྲངས་ ༡༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་འགྲེལ་བརྗོད་གནང་བཞིན་པ་མཐོང་རྒྱུ་འདུག ཡང་རྒྱ་གར་ནང་གནས་སྡོད་ས་ཡོམ་བྱུང་ཁུལ་དུ་འབྲེལ་ཡོད་ཅིག་ནས། གྲམ་མཚོ་ཤང་གི་ནང་ནས་ས་ཡོམ་སྡུག་ཤོས་མགུ་རིང་གྲོང་ཚོ་ཡིན་པ་ལས། གྲོང་ཚོ་ཆུང་ཆུང་དེ་གཅིག་པུའི་ནང་མི་གྲངས་ ༣༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

འདི་ཚེས་ ༡༠ ཉིན། བོད་ནང་གི་དིང་རིའི་ས་ཡོམ་གོད་ཆག་ཁྲོད། རྨས་སྐྱོན་བྱུང་བའི་གྲངས་ཀ་ ༣༣༧ དང་། སྨན་ཁང་ནས་ཐོན་པའི་མི་གྲངས་ ༢༤༦ ཡོད་པ། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་སྤེལ་ཡོད་པ་དང་། གྲངས་ཐོ་དེ་ནི་རྒྱ་ནག་གཞུང་གིས་ས་ཡོམ་ཁྲོད་རྨས་སྐྱོན་བྱུང་བ་མི་གྲངས་ ༡༨༨ ལས་ལྡབ་གཅིག་ཙམ་གྱིས་མང་བ་ཆགས་ཡོད་ན་ཡང་། རྒྱ་ནག་གཞུང་འབྲེལ་ངོས་ནས་མི་སྣ་རྐྱེན་འདས་ཀྱི་གྲངས་ཐོ་མུ་མཐུད་ ༡༢༦ ཡིན་པ་བཀོད་འདུག བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་ནས། ད་ལྟའི་ཆར་མི་སྣ་རྐྱེན་འདས་ཀྱི་ཁ་གྲངས་སོགས་ལ་ཚང་མས་དོགས་གཞི་ཡོད་ན་ཡང་། ཚང་མས་ཚོད་དཔག་ཙམ་ལས་ཤེས་རྟོགས་བྱུང་ཐབས་མེད་སྐོར་བརྗོད་བྱུང་ལ། ཡང་རྒྱ་གར་དུ་གནས་སྡོད་ས་ཡོམ་ཁུལ་དུ་འབྲེལ་ཡོད་བོད་མི་ཞིག་ནས། ས་ཡོམ་བརྒྱབ་རྗེས་ཡུལ་མི་ཚོ་ཕན་ཚུན་གྲོང་སྡེ་ཁག་ཏུ་གཏོང་གི་མེད་པར་བཀག་བསྡོམས་བྱས་ནས་ཡོད་པ་དང་། ནང་ལ་འབྲེལ་བ་བྱེད་ཐུབ་སོང་ན་ཡང་ཁྱིམ་མཚེས་སོགས་མི་གྲངས་ ༩ ལྷག་རྐྱེན་འདས་ཕྱིན་པ་གོ་ཐོས་བྱུང་སོང་སྐོར་འགྲེལ་བརྗོད་གནང་གི་འདུག

དེ་བཞིན་ཕྱི་ཚེས་ ༩ ཉིན་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཅུས་ཟེར་བའི་འགོ་ཁྲིད་ཚོས་ཚོགས་འདུ་འཚོགས་ཏེ། ས་ཡོམ་གྱི་གནས་ཚུལ་དང་རོགས་སྐྱོབ་གནས་བབ་མུ་མཐུད་ཛ་དྲག་ཡིན་པས། མུ་མཐུད་ཏང་སྲིད་དམག་གསུམ་ནས་ཧུར་ཐག་ངང་རོགས་སྐྱོབ་དགོས་སྐོར་བརྗོད་ཡོད་པ་དང་། གཞན་ཡང་ཕྱི་ཚེས་ ༡༠ བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེང་གིས་རྒྱུན་ལས་ཚོགས་འདུ་དང་འབྲེལ། ས་ཡོམ་ཁུལ་དུ་མི་སྣ་འཚོལ་སྐྱོབ་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། མང་ཚོགས་སྐུལ་སློང་བྱས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རེ་རེ་བཞིན་ཞིབ་བཤེར་བྱས་ཏེ་ས་ཆ་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་དང་ཐབས་ཤེས་དགོས་པ་དང་། ས་གནས་སུ་སྤྱི་ཚོགས་བརྟན་བརླིང་ལ་འགན་འཁུར་དགོས་པ་སོགས་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་ངོས་ནས་ད་ལྟའི་ཆར་དིང་རིའི་ས་ཡོམ་རོགས་སྐྱོབ་གནས་སྟངས་དང་མི་མང་གི་འཚོ་གནས་བཀོད་སྒྲིག་ཆེད་བཀོལ་བཞིན་ཡོད་སྐོར་དང་། དེ་རིང་ཕྱི་ཚེས་ ༡༠ ནས་བཟུང་དིང་རི་དགའ་ལྡན་གྲོང་ཚོ་སོགས་སུ་མི་མང་ལ་ལྕགས་ཤོག་གི་སྡོད་ཁང་འཛུགས་སྐྲུན་ལས་གཞི་མགོ་ཚུགས་ཡོད་པ་བརྗོད་འདུག་ན་ཡང་། བོད་ཀྱི་ས་ཁུལ་གང་ས་ནས་ཕེབས་པའི་རོགས་སྐྱོར་མི་མང་ཁྲོད་ས་ཡོམ་བྱུང་ཁུལ་གྱི་གྲོང་གསེབ་མང་པོར་ད་དུང་རོགས་སྐྱོར་མི་སྣ་འབྱོར་མེད་པ་དང་། བརྙན་དང་པར་ལམ་ནས་ས་གནས་འགྲེལ་བརྗོད་བྱས་པ་ཡིན་ན་རྒྱ་ནག་གཞུང་གིས་དམ་དྲག་གིས་གཏོང་བཅུག་གི་མེད་པ་མ་ཟད། རོགས་སྐྱོར་མི་སྣའི་རྗེས་སུ་ཉེན་རྟོག་པ་ཆེད་གཏོང་གིས་བརྙན་སོགས་ལེན་བཅུག་གི་མེད་པ་འགྲེལ་བརྗོད་བྱེད་མཁན་ཡོད་པ་རེད་འདུག ད་ལྟའི་ཆར་བོད་ཀྱི་ས་ཁུལ་གང་ས་ནས་ཕེབས་པའི་རོགས་སྐྱོར་གནང་མཁན་བོད་མི་ཚོ་ས་མཚམས་ཁག་ནས་གཏན་འགག་རིགས་བྱེད་ཐུབ་ཀྱི་མེད་ན་ཡང་། ཆོག་མཆན་ཡིག་ཆ་དགོས་སྐོར་དང་བརྗོད་བཞིན་ཡོད་པ་མ་ཟད། རོགས་སྐྱོར་དངོས་ཟོག་རྣམས་རྒྱ་ནག་གཞུང་འབྲེལ་གྱི་གོ་སྒྲིག་ས་གནས་སུ་རྩིས་སྤྲོད་དགོས་པ་ལས། སྒེར་ངོས་ནས་མི་མང་ལ་བགོ་འགྲེམས་སོགས་བྱེད་བཅུག་གི་མེད་པ་རེད་འདུག

གསར་འགོད་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་མི་ ༡༢༦ རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༡༨༨ ནས་ཚེས་ ༡༠ ཉིན་ ༣༣༧ ལ་ཕར་པ་དང་།  ཕྱི་ཚེས་ ༡༤ བར་འགུལ་ལྷག་ཐེངས་ ༣༦༡༤ ཙམ་བྱུང་པ་བསྒྲགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎