བོད་ནང་གི་ལྕགས་ཟམ་རྫོང་དུ་ས་ཡོམ་ཚད་རིམ་༦.༨ཅན་ཞིག་བྱུང་སྟེ་མི་སྣ་༧རྐྱེན་འདས་སུ་སོང་ཡོད་འདུག

2022.09.05
བོད་ནང་གི་ལྕགས་ཟམ་རྫོང་དུ་ས་ཡོམ་ཚད་རིམ་༦.༨ཅན་ཞིག་བྱུང་སྟེ་མི་སྣ་༧རྐྱེན་འདས་སུ་སོང་ཡོད་འདུག ས་ཡོམ་རྐྱེན་གྱིས་རི་ཉིལ་བ་དང་། ཁང་པ་བརྡིབས་པ། ལམ་ཆད་པ། མི་སྣ་ལ་རྨས་སྐྱོན་བྱུང་བ་སོགས་བྱུང་པ།
Photo: RFA

དེ་རིང་ཕྱི་ཟླ་༩ཚེས་༥ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་༡༢དང་ཕྱེད་ཀའི་སྟེང། བོད་ནང་གི་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་ཡོམ་ཚད་རིམ་༦.༨ཅན་ཞིག་བྱུང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁམས་པ་དྲ་རྒྱ་ཟེར་བའི་གནས་ཚུལ་ནང་མི་སྣ་༧ས་ཡོམ་ཁྲོད་རྐྱེན་འདས་སུ་སོང་ཡོད་པ་བཀོད་འདུག་ལ། ས་ཡོམ་རྐྱེན་གྱིས་རི་ཉིལ་བ་དང་། ཁང་པ་བརྡིབས་པ། ལམ་ཆད་པ། མི་སྣ་ལ་རྨས་སྐྱོན་བྱུང་བ་སོགས་བྱུང་ཡོད་པ་དང་། ས་ཡོམ་དེ་ཐེངས་གཉིས་ཙམ་ལ་བྱུང་སོང་མོད། དང་པོ་དེ་ཤུགས་ཆེ་བ་ལས་ཐེངས་གཉིས་པར་དེ་ཙམ་མི་འདུག་ན་ཡང་། ས་ཡོམ་གྱི་འགུལ་ཚད་ཉག་ཆུ་དང་ལི་ཐང་སོགས་ནས་ཤེས་ཚོར་ཐུབ་པ་ཞིག་ཡིན་པ། བོད་ནང་གི་འབྲེལ་ཡོད་ནས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ནང་། ས་ཡོམ་བྱུང་ཁུལ་གྱི་ལྟེ་བ་དེ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་གྱི་ཉེ་འདབས་སུ་ཡིན་པ་དང་། ས་ཡོམ་འགུལ་ཚད་དེ་༦.༨དང་གཏིང་ཟབ་ཚད་སྤྱི་ལེ་༡༦ཟིན་ཡོད་སྐོར་བཀོད་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་ངོས་ནས་ཉེན་རྟོག་པ་དང་མྱུར་སྐྱོབ་མི་སྣ་༦༠༠ལྷག་གོ་སྒྲིག་གིས། གནོད་ཐེབས་རོགས་སྐྱོར་དང་ཁང་པ་དང་ལམ་བརྡིབས་པ་སོགས་ཀྱི་ཐད་མྱུར་ཞིབ་བྱེད་བཞིན་ཡོད་སྐོར་བཀོད་འདུག་ན་ཡང་། ས་གནས་ཡུལ་མི་ཚོས་ས་ཡོམ་ཁྲོད་ཤི་རྨས་ཀྱི་གྲངས་ཀ་ད་དུང་འཕར་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

བོད་མི་ཚོས་དྲ་ལམ་ཁག་ཏུ་སྤེལ་བཞིན་པའི་བརྙན་པར་ཁག་གི་ནང་། རི་ཉིལ་བ་དང་ལམ་ཁར་རྡོ་ཉིལ་ནས་རླངས་འཁོར་སོགས་ལ་གཏོར་སྐྱོན་དང་། དེ་བཞིན་ཁང་པ་བརྡིབས་སྟེ་མི་ལ་རྨས་སྐྱོན་བྱུང་བ་སོགས་མཐོང་རྒྱུ་འདུག་ལ། རྒྱ་ནག་གཞུང་འབྲེལ་ནས་ཐེངས་འདིར་ཚོགས་ཆུང་༦ལ་ཆེད་བགོས་ཀྱིས་རོགས་སྐྱོར་མི་སྣ་བཏང་ཡོད་སྐོར་བཀོད་ཡོད་པ་མ་ཟད། ས་ཡོམ་བྱུང་རྗེས་སི་ཁྲོན་ཞིང་ཆེན་དམར་ཤོག་དྲུང་ཆེ་ཝང་ཞའོ་ཧེ་ཟེར་བས། སྲིད་གཞུང་གིས་ཡོམ་ཁྲོད་ཤི་རྨས་བྱུང་བའི་གནས་ཚུལ་ཇི་བཞིན་ཤེས་རྟོགས་ཡོང་བ་དང་གནོད་ཐེབས་ཁུལ་དུ་རོགས་སྐྱོར་ཡག་པོ་བྱེད་དགོས་སྐོར་བརྗོད་འདུག

གཞན་ཡང་དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་༨སྟེང་། བོད་ནང་གི་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་དུ་ས་ཡོམ་ཚད་རིམ་༤ཅན་ཞིག་བྱུང་ཡོད་པ་དང་། འདི་ལོ་བོད་ནང་གི་ས་ཁུལ་མང་པོའི་ནང་ཆུ་ལོག་བྱུང་བ་དང་དྲག་ཆར་རྐྱེན་གྱིས་གནོད་སྐྱོན་ཐེབས་པ། དེ་བཞིན་ས་ཁུལ་ཁ་ཤས་ནང་ཐན་པ་བྱུང་བ།ས་ཡོམ་བྱུང་བ་སོགས་རང་བྱུང་གི་འཇིགས་པ་མང་དག་ཅིག་བྱུང་ཡོད་པ་རེད། 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎