རྨ་སྟོད་ས་ཡོམ་ཁྲོད་མི་གྲངས་༢༠་རྐྱེན་འདས་དང་༡༣་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

2021-06-01
Share
རྨ་སྟོད་ས་ཡོམ་ཁྲོད་མི་གྲངས་༢༠་རྐྱེན་འདས་དང་༡༣་གར་སོང་ཆ་མེད་དུ་གྱུར་ཡོད་འདུག མགོ་ལོག་རྨ་སྟོད་ཕྱོགས་ཀྱི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ། ༥།༢༠༢༡
བོད་འབྱོར།

མགོ་ལོག་རྨ་སྟོད་རྫོང་དུ་ས་ཡོམ་རྒྱབ་པའི་ཁྲོད་ས་གནས་བོད་མི་༢༠་ལྷག་འདས་གྲོངས་དང་༣༠༠་ལྷག་རྨས་སྐྱོན་བྱུང་བ་ཡོད་པ་རྨ་སྟོད་རྫོང་གི་ཡུལ་མི་ཞིག་གིས་ངོ་སྤྲོད་གནང་བྱུང་།
ཉེ་སྔོན་སྤྱི་ཟླ་༥་པའི་ཚེས་༢༢་ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ། ས་ཡོམ་རིམ་པ་༧.༤་བརྒྱབ་པའི་རྗེས་ས་གནས་བོད་མི་རྣམས་ཀྱི་གནས་སྟངས་སྐོར་ད་བར་གནས་ཚུལ་ཁ་གསལ་བྱུང་མེད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ཕྱུགས་རིགས་དང་ར་བ་སོགས་ལ་གཏོར་བཤིག་བཏང་ཡོད་པའི་སྐོར་དང་། མི་གྲངས་༡༩་ཙམ་ལ་རྨས་སྐྱོན་བྱུང་བ་ལས། དེ་མིན་རྐྱེན་འདས་སུ་སོང་བ་གཅིག་ཀྱང་བཤད་མེད་པ་རེད། ཡིན་ན་ཡང་སྤྱི་ཟླ་༦་པའི་ཚེས་༡་ཉིན་རྨ་སྟོད་རྫོང་གི་ཡུལ་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། རྨ་སྟོད་རྫོང་ཁོངས་ནས་ས་གནས་བོད་མི་༢༠་ལྷག་འདས་གྲོངས་སུ་ཕྱིན་པ་དང་༣༠༠་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། མི་གྲངས་༡༣་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པས། རྒྱ་ནག་གཞུང་ཕྱོགས་ནས་ས་ཡོམ་ཁྲོད་རྐྱེན་འདས་སུ་སོང་བའི་ནང་མིར་རྒྱ་སྒོར་ཁྲི་ལྔ་རེའི་གུན་གསབ་སྤྲོད་ཀྱི་ཡོད་སྐོར་བརྗོད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་གོང་ཞུས་རྨ་སྟོད་རྫོང་གི་ཡུལ་མི་ཁོང་གིས་གནས་ཚུལ་ངོ་སྤྲོད་གནང་དོན། རྨ་སྟོད་རྫོང་དུ་ས་འགུལ་གྱི་གོད་ཆག་བྱུང་རྗེས་རྒྱ་ནག་གཞུང་ཕྱོགས་ནས་བཀོད་ཁྱབ་བཏང་སྟེ། ཡུལ་མི་ཚོར་ས་ཡོམ་སྐོར་གྱི་གནས་ཚུལ་རིགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་མི་ཆོག་པ་དང་། མི་རྨས་དང་གནོད་སྐྱོན་ཅི་བྱུང་དང་པོ་གཞུང་ལ་ཡར་ཞུ་དགོས་པ་ལས་གང་བྱུང་བརྒྱུད་སྐུར་མི་ཆོག་པ་བཀོད་ཁྱབ་བཏང་ཡོད་འདུག་ཅིང་། ད་ལྟ་ས་གནས་སུ་སྨན་པ་དང་དམག་མི་སོགས་ཕོན་ཆེན་འབྱོར་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
མགོ་ལོག་རྨ་སྟོད་རྫོང་ནི་ད་ལྟའི་རྒྱ་ནག་གཞུང་གིས་བཅད་བགོས་བྱས་ཡོད་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་ཁོངས་སུ་ཡོད་པ་དང་། ས་ཁུལ་དེ་དག་ནི་བོད་རིགས་འདུས་སྡོད་ཀྱི་འབྲོག་ལས་གཙོ་གཉེར་གྱི་ས་ཆ་ཞིག་ཡིན་པ་མ་ཟད། རྨ་སྟོད་རྫོང་གི་ས་ཁུལ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༢༤༤༩༤་ལྷག་ཡོད་དང་། ཕྱི་ལོ་༢༠༡༣་ལོའི་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། རྫོང་ཁུལ་དེར་མི་འབོར་༡༥༠༠༠་ཙམ་ཡོད་འདུག

ཕྱི་ཟླ་༦་ཚེས་༡་ཉིན། རྒྱ་ནག་གཞུང་ཕྱོགས་ནས་ཡུལ་དེའི་རྫོང་ཁག་༨་ནང་ས་འགུལ་གྱིས་གནོད་སྐྱོན་ག་ཚོད་ཐེབས་ཡོད་པ་དང་། རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་སོགས་བྱས་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྨ་སྟོད་རྫོང་དུ་ཕྱུགས་རིགས་ ༨༡༠་ཤི་སྐྱོན་དང་ཕྱུགས་ཟོག་ར་བ་༥༣༣༠་གཏོར་བཤིག་བཏང་ཡོད་པ་དང་། དེ་མིན་གྱི་རྫོང་ཁག་གཞན་༥་ནང་ཕྱུགས་རིགས་གྲངས་༢༤༠་ཤི་སྐྱོན་དང་། ཕྱུགས་ར་༡༡༦༥༧་ལྷག་ལ་གཏོར་བཤིག་ཐེབས་ཡོད་པ། གཞན་མི་མང་ལ་འགོག་ཁབ་རྒྱག་སའི་ལྟེ་གནས་༢༡༥་གཏོར་སྐྱོན་དང་། ཞིང་ལས་དྲོད་ཁང་༡༦༣་ལ་བཤིར་སྐྱོན་ཐེབས་ཡོད་པས། རྒྱ་ནག་གཞུང་ཕྱོགས་ནས་མི་མང་ལ་ཕྱུགས་རིགས་ལ་སྤྲོད་རྒྱུའི་གཟན་རྩྭ་མཁོ་སྤྲོད་དང་། ཤི་སྐྱོན་བྱུང་བའི་ཕྱུགས་རིགས་ལ་ཀུན་གསབ་སོགས་སྤྲོད་ཀྱི་ཡོད་སྐོར་བསྒྲགས་འདུག་པ་མ་ཟད་། རྒྱ་ནག་གཞུང་ཕྱོགས་ནས་ཡུལ་དེར་རྒྱ་ནག་གི་ཤོག་སྒོར་ཁྲི་༡༠༠༠་གི་རོགས་སྐྱོར་བྱ་རྒྱུ་བསྒྲགས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།