ཨ་རིའི་(NBA)་རྩེད་འགྲན་པ་གྲགས་ཅན་ཞིག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་འདུག

2021-10-21
Share
ཨ་རིའི་(NBA)་རྩེད་འགྲན་པ་གྲགས་ཅན་ཞིག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་འདུག ཨ་རིའི་(NBA)་ལག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་(Enes Kanter)་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་སྐབས། ༡༠།༢༠༢༡
སྒྲིག་བཟོ།/RFA

ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོ་ལྷན་ཚོགས་(NBA)་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་(Enes Kanter)་ལགས་ཀྱིས་ལགས། ཕྱི་ཚེས་༡༩་ཉིན། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་ཕེབས་ནས། ས་གནས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་གཞོན་ནུ་ཚོགས་པ་གཙོ་བོར་གྱུར་བའི་ཚོགས་པ་དང་སྐྱིད་སྡུག་ཁག་གི་བོད་མི་ཁག་ཅིག་དང་མཇལ་འཕྲད་བྱས་ཏེ་བོད་དོན་སྐོར་རྒྱུས་ལོན་བྱས་བ་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཉི་མ་ལྷ་མོ་ལགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་འགྲེལ་བརྗོད་གནང་ཡོད་པ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ལྷ་དབང་དངོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།
གཞན་ཁོང་གིས་(twitter)་དྲ་ལམ་བརྒྱུད་བརྙན་ལམ་ནས་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཡོད་པའི་སྟོད་ཐུང་ཞིག་གོན་ནས། རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྐར་མ་གསུམ་ལྷག་སྤེལ་ནས། ངས་རྒྱ་ནག་གཞུང་ལ་བོད་རང་དབང་། བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་བརྡ་གཏོང་གི་ཡོད། ངས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ཀྱི་འོག་ཡོད་པའི་བོད་ནང་གི་གནས་སྟངས་སྐོར་བཤད་རྒྱུ་ཡིན། གཙོ་བོ་རྒྱ་ནག་གཞུང་གིས་བོད་ལ་རང་དབང་སྤྲོད་དགོས་པ་དང་། བོད་ཡུལ་ནི་བོད་མི་ལ་དབང་དགོས་པ། རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་དྲག་གནོན་བྱས་ཏེ་བོད་ནང་གི་བོད་མིར་རང་དབང་མེད་པ་དང་། བོད་མི་ཚོས་བོད་རང་གི་ཕ་སྐད་དང་རིག་གཞུང་བདག་སྐྱོང་བྱེད་རྒྱུའི་ཐོབ་ཐང་ཡང་དག་མེད་པ། ཁོང་ཚོ་ལ་འགྲུལ་བཞུད་ཀྱི་རང་དབང་དང་། ཕྱིའི་གནས་ཚུལ་ཉན་རྒྱུའི་རང་དབང་མེད་པ། འདས་པའི་ལོ་༧༠་རིང་བོད་ཀྱི་གྲྭ་བཙུན་དང་། མཁས་པ་སོགས་འཛིན་བཟུང་བཙོན་འཇུག་བྱས་ཏེ། ཆབ་སྲིད་ཀྱི་སློབ་གསོ་སྤྲད་པ་དང་། བོད་ནང་གི་བོད་མི་ཚོས་༧་གོང་ས་མཆོག་གི་སྐུ་པར་ཉར་བ་ཙམ་དང་། བོད་ཀྱི་རྒྱལ་དར་འཕྱར་བ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་བྱེད་པའི་གནས་སྟངས་ཤིག་གི་འོག་ལ་ཡོད་པ་དང་། ད་བར་བོད་མི་༡༥༠་ལྷག་གིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་བའི་གནས་སྟངས་སོགས་ཤེས་པའི་སྒོ་ནས་ཁོང་རང་གིས་བོད་དོན་རྒྱབ་སྐྱོར་གྱི་འབོད་སྒྲ་འདི་ཕྱི་ལ་བསྒྲགས་པ་ཡིན་ཞེས་བསྒྲགས་གཏམ་སྤེལ་ཡོད་པ་རེད།
དེ་མ་ཐག་འདི་ཚེས་༢༡་གཟའ་ཕུར་བུའི་ཉིན། རྒྱ་ནག་གི་(Tencent)་ཞེས་པའི་ཆ་འཕྲིན་འཕྲུལ་ལས་ཚན་པས་གོང་ཞུས་(NBA)་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་(Enes Kanter)་ལགས་དང་བྷོ་སུ་ཊོན་རུ་ཁག་གི་ལག་རྩེད་སྤོ་ལོའི་འགྲན་བསྡུར་དྲྭ་ལམ་བརྒྱུད་སྟོན་རྒྱུ་མཚམས་འཇོག་བྱས་པ་དང་། མ་འོངས་རུ་ཁག་དེའི་འགྲན་བསྡུར་རིགས་སྟོན་རྒྱུ་མིན་ཚུལ་ཝེ་པོ་(Weibo)་སྤྱི་ཚོགས་དྲྭ་འབྲེལ་ཚན་པས་བཤད་ཡོད་འདུག དེ་སྔ་ཡང་རྒྱལ་སྤྱི་ནང་གི་གྲགས་ཅན་མི་སྣས་རྒྱ་ནག་ལ་སྐྱོན་བརྗོད་དང་བོད་དོན་རྒྱབ་སྐྱོར་བྱས་བའི་གནས་ཚུལ་རིགས་བྱུང་རྗེས་རྒྱ་ནག་གཞུང་གིས་ཁོང་ཚོའི་བརྩམས་ཆོས་དང་གློག་བརྙན་སོགས་བཀག་སྡོམ་བྱས་བའི་གནས་ཚུལ་བྱུང་ཡོད།
དེ་ལྟར་ཨ་རིའི་(NBA)་ལག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་(Enes Kanter)་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བར་བོད་མི་ཚོས་དགའ་བསུ་དང་ནིའུ་ཡོག་ཏུ་ཁོང་གི་རུ་ཁག་གི་རྩེད་སྐབས་བོད་ཀྱི་རྒྱལ་དར་སོགས་འཕྱར་ནས་ཁོང་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བཀྲ་ཤིས་ལམ་བཟང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ད་ལྟ་ལོ་ན་༢༩་ཡིན་པའི་ཨ་རིའི་(NBA)་ལག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་(Enes Kanter)་ལགས་ནི་ཏུར་ཀི་མི་རྒྱུད་ཡིན་པ་ཡོ་རོབ་སུད་སི་ནས་སྐྱེས་པ་དང་།
རྩེད་འགྲན་པ་གྲགས་ཅན་ཞིག་ཡིན། ཁོང་གི་སྤྱི་ཚོགས་དྲ་ལམ་(Instragram)་ནང་རྗེས་འབྲངས་བ་མི་གྲངས་འབུམ་༧་ལྷག་དང་། ཊི་ཝེ་ཊར་ལ་རྗེས་འབྲངས་བ་མི་གྲངས་འབུམ ༤ ལྷག དེ་བཞིན་ངོ་དེབ་ལ་རྗེས་འབྲངས་པ་མི་གྲངས་འབུམ་གཉིས་ལྷག་འདུག

གསར་འགོད་པ། བློ་བཟང་ཆོས་འཕེལ། སེངྒེ་རི་བསོད་ནམས་ལྷ་མོ། བསོད་ནམས་ལྷ་མོ། དབྱངས་སྒྲོལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།