ཡོ་རོབ་མཐུན་ཚོགས་སྐུ་ཚབ་ཚོགས་ཆུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་ཉིང་ཁྲིར་གཟིགས་སྐོར་གནང་འདུག

2024.06.24
ཡོ་རོབ་མཐུན་ཚོགས་སྐུ་ཚབ་ཚོགས་ཆུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་ཉིང་ཁྲིར་གཟིགས་སྐོར་གནང་འདུག ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་དར་ཆ།
སྒྲིག་བཟོ། /AP

ཟླ་བ་འདིའི་ཚེས་༡༦ཉིན་རྒྱ་ནག་གི་ཁྲོན་ཆིན་(Chongqing)་གྲོང་ཁྱེར་དུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་༣༩པ་དེ་མ་གནང་གོང་ཟླ་བ་འདིའི་ཚེས་༡༣ནས་༡༥བར་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་བོད་ནང་གཟིགས་སྐོར་གནང་ཡོད་པ་དང་། ཡོ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གིས་བོད་ནང་གཟིགས་སྐོར་གནང་སྐབས། བོད་ཀྱི་དགོན་སྡེ་ཁག་ཏུ་བསྐྱོད་ཐུབ་ཐབས་བྱས་བ་དང་དེ་ནི་བོད་ནང་གི་ཆོས་ལུགས་རང་དབང་ལ་རྟོག་ཞིབ་རྒྱུས་ལོན་ཆེད་ཡིན་པ་ཡོ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པ་(Peter Stano)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་གསལ་བཤད་གནང་བྱུང་ལ། སྐབས་དེར་རྒྱ་ནག་གི་ཕྱོགས་ནས་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ཡོད་མེད་དང་། ཡང་རྒྱ་ནག་ཕྱོགས་ཀྱི་སྐུ་ཚབ་ཀྱིས་གནད་དོན་དེ་དག་གླེང་སློང་བྱེད་རྒྱུའི་མོས་མཐུན་བྱུང་ཡོད་མེད་སྐོར་གནས་འདྲི་ཞུ་སྐབས། ཁོང་གིས་ཡིག་ཐོག་ལན་འདེབས་གནང་བའི་ནང་། ང་ཚོའི་དམིགས་ཡུལ་གཅིག་ནི་མ་མཐར་ཡང་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ་སྔོན་འགྲོ་ཙམ་ཡིན་ཡང་ཤེས་རྟོགས་ངེས་ཅན་ཞིག་ཡོང་དགོས་རྒྱུ་དང་། དེ་བཞིན་ད་ལྟའི་རྒྱ་ནག་སྲིད་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐོག་ལ་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་སྒྲིག་གཞི་ཁག་ཤེས་རྟོགས་རྒྱུས་ལོན་ཡོང་བའི་རེ་བ་བཅངས་ཡོད། གནད་དོན་འདིའི་ཐོག་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་ཡོངས་གྲགས་ཀྱི་ལངས་ཕྱོགས་ལྟར་ཤུགས་ཆེར་གླེང་སློང་བྱས་ཀྱང་འདི་ནི་ཕྱོགས་གཅིག་གི་འདོད་ཚུལ་དུ་གྱུར་ཞིང་། རྒྱ་ནག་གི་ཕྱོགས་ནས་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ལམ་ལུགས་འདི་ལོ་ངོ་༣༠༠གོང་ནས་ལག་བསྟར་བྱེད་བཞིན་པའི་ལོ་རྒྱུས་ཀྱི་ཐོག་ནས་ཆགས་པའི་ལུགས་སྲོལ་ཞིག་རེད་ཅེས་ལན་འདེབས་བྱས་པ་གསལ་བཤད་བྱས་བྱུང་། ཡང་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཀྱིས་རྒྱ་ནག་གིས་བཙོན་འཇུག་བྱས་པའི་དགེ་འདུན་པ་དང་བཙོན་པ་རྣམས་དང་། དེ་བཞིན་བཙོན་ཟུར་རྣམས་དང་ཐུག་འཕྲད་བྱེད་རྒྱུའི་རེ་འདུན་བཏོན་ཀྱང་ངོས་ལེན་བྱས་མ་བྱུང་ཞེས་ཡོག་ཐོག་ལན་འདེབས་གནང་བའི་ནང་གསལ་འདུག

ཡང་འདི་ག་རླུང་འཕྲིན་ཁང་གིས་ད་རེས་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ལྷ་ས་དང་ས་གནས་གཞན་གང་དུ་གཟིགས་སྐོར་གནས་ཡོད་མེད་དྲིས་པར། སྐུ་ཚབ་ཚོགས་པ་ལྷ་ས་དང་ཉིང་ཁྲིར་བསྐྱོད་པ་ཡིན། རྒྱ་ནག་གི་འབྲེལ་ཡོད་ཚན་པས་དུས་ཡུན་ཐུང་ངུ་ཞིག་གི་ནང་ཡོ་རོབ་མནའ་འབྲེལ་ལྷན་ཚོགས་ཀྱི་རེ་འདུན་ཕལ་མོ་ཆེ་འགྲུབ་ཐབས་ཀྱི་ཆེད་ལས་རིམ་ཞིབ་ཕྲ་དང་དམ་པོ་གྲ་སྒྲིག་བྱས་འདུག་ལ། གོ་སྒྲིག་ལྟར་བཅའ་སྡོད་སློབ་གྲྭ་གཉིས་ལ་བསྐྱོད་པ་དང་། གནས་སྤོ་བྱས་པའི་བོད་མིའི་ཁྱིམ་ཚང་ཁ་ཤས། བོད་ཀྱི་ནང་ཆོས་ཀྱི་ལྟེ་གནས་གཙོ་བོ་ལྷ་སའི་གཙུག་ལག་ཁང་། བཙོན་ཁང་བཅས་ལ་གཟིགས་སྐོར་བྱས་བ་ཡིན། གཟིགས་སྐོར་དེའི་སྐབས་སྐུ་ཚབ་རྣམ་པས་བོད་ནང་གི་དངོས་ཡོད་གནས་ཚུལ་དང་དཀའ་ངལ་ཁག་ལ་རྒྱུས་ལོན་གང་འཚམས་ཤིག་བྱེད་རྒྱུའི་གོ་སྐབས་དང་པོ་དེ་ཐོབ་ཡོད་ཀྱང་། འདི་བརྒྱུད་བོད་ནང་སྐད་གཉིས་སློབ་གསོའི་དགོས་མཁོ་དང་། རིག་གཞུང་གིས་ཕྱུག་པའི་བོད་ཀྱི་དགོན་ཁག་རྙིང་པ་རྣམས་བདག་གཅེས་དགོས་པ། བོད་མིར་གཞི་རྩའི་ཐོབ་ཐང་ཡོངས་སུ་སྤྲོད་དགོས་པའི་སྐོར་གླེང་རྒྱུའི་གོ་སྐབས་བྱུང་ཞེས་ལན་འདེབས་གནང་བྱུང་།
ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་ནག་གི་འབྲེལ་ཡོད་ཚོར་བོད་ནང་དུ་ཕྱི་ནས་ལྟ་སྐོར་འདི་རིགས་གནང་མཁན་མང་ཙམ་གཏོང་དགོས་པའི་དགོས་འདུན་བཏོན་པ་ཡང་གསལ་བཤད་གནང་འདུག
ཚེས་༡༧ཉིན་ཡོ་རོབ་མཐུན་ཚོགས་ཀྱི་དྲྭ་ཐོག་སྤེལ་བའི་བསྒྲགས་གཏམ་གྱི་ནང་དོན་ལྟར་ན། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཐེངས་འདིའི་ལྷན་ཚོགས་སྐབས། རྒྱ་ནག་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་། བྱེ་བྲག་ཏུ་བོད་ཐེ་བའི་རྒྱ་ནག་གཞུང་གི་བཙན་དབང་འོག་ཡོད་པའི་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐད་བློ་ཚབས་དང་འབྲེལ་གླེང་སློང་གནང་ཡོད་པ་མ་ཟད། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་གནད་དོན་སྐོར་སྲིད་གཞུང་ནས་ཐེ་བྱུས་བྱེད་མི་འོས་པའི་སྐོར་ནན་བརྗོད་གནང་བ་དང་མཉམ། ཡོ་རོབ་མཐུན་ཚོགས་ཀྱིས་གཞི་རྩའི་རང་དབང་དང་། ངལ་རྩོལ་གྱི་ཐོབ་ཐང་། བཙན་ཤེད་ཀྱིས་ངལ་རྩོལ་བཀོལ་སྤྱོད་བྱེད་པ། ཁྲིམས་ལུགས་ཀྱི་འགྲོ་ལུགས་དང་མཐུན་པའི་བྱ་རིམ་གྱི་ཐོབ་ཐང་ལ་ཚད་བཀག་བྱེད་པ། རྒྱ་ནག་ནང་ཁྲིམས་ཀྱི་རང་དབང་མེད་པ་བཅས་ཀྱི་ཐད་ལ་བློ་ཚབས་ཡོད་པ་གསལ་བསྟོན་གནང་ཡོད་པའི་ཁར་། སྨྲ་བརྗོད་དང་། འདུ་འཛོམས་རང་དབང། ཆོས་དད་རང་དབང་དང་། བུད་མེད་ཀྱི་ཐོབ་ཐང་ཐེ་བའི་གནད་དོན་སྐོར་ལ་གླེང་སློང་གནང་ཡོད་འདུག
དེ་དང་ཕྱོགས་མཚུངས་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་བཀྲ་ཤིས་རྡོ་རྗེ་ལགས་སོགས་ལས་འགུལ་བ་དང་། རྩོམ་པ་པོ། ཆོས་ལུགས་ཀྱི་དབུ་ཁྲིད་བཅས་མི་སྒེར་པ་ཁག་ཅིག་གི་གནད་དོན་གླེང་གནང་ཏེ་ཁོང་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་འདུག

དེའི་ཐད་(Brussels)་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྤྱིར་བཏང་ཕྱིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་དང་གསར་འགོད་པ་སོགས་བོད་ནང་ལ་ཕེབས་ཐུབ་ཀྱི་མེད་པའི་སྐབས་འདིར། ད་རེས་རྒྱ་ནག་གི་ཁྲོན་ཆིན་(Chongqing)་གྲོང་ཁྱེར་དུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་༣༩པ་དེ་མ་གནང་གོང་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་རེ་འདུན་བཏོན་པ་བཞིན་བོད་ནང་གཟིགས་སྐོར་དུ་ཕེབས་ཐུབ་པ་བྱུང་བ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་ངོས་འཛིན་གནང་ཡང་འགྲིག་གི་རེད་བསམ། ཡིན་ན་ཡང་ཚང་མས་མཁྱེན་གསལ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ལ་སྐུ་ཚབ་གདན་ཞུ་གོ་སྒྲིག་གནང་བའི་སྐབས། སྐུ་ཚབ་རྣམ་པ་སོ་སོའི་ཐུགས་འདོད་ཡོད་པའི་ས་ཆ་དང་མི་སྣ་སོགས་དང་གཟིགས་ཞིབ་མཇལ་འཕྲད་བྱེད་དབང་མེད་པར། རྒྱ་ནག་གཞུང་གི་གོ་སྒྲིག་ལྟར་འགྲོ་དགོས་བ་ཡིན་དུས། ད་ཐེངས་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོ་ཡང་རྒྱ་ནག་གཞུང་གི་གོ་སྒྲིག་ལྟར་མ་གཏོགས་སྐུ་ཚབ་རྣམ་པའི་ཐུགས་འདོད་ལྟར་ས་གནས་ལ་བསྐྱོད་པ་དང་མི་སྣ་ཐུག་འཕྲད་སོགས་བྱུང་མེད། ཡིན་ན་ཡང་རིམ་པས་ཁོང་མོ་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་མི་སྣ་དང་མཇལ་འཕྲད་ཀྱིས་ད་རེས་བོད་ནང་ཕེབས་བའི་གནས་ཚུལ་ཚང་མ་ཁ་གསལ་བོ་ཆགས་པའི་རེ་བ་བྱེད་བཞིན་པ་གསུངས་བྱུང་།
ཡང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། ད་རེས་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་གཟིགས་སྐོར་གནང་ཐུབ་པ་ནི་ཡག་པོ་རེད། ཡིན་ན་ཡང་ད་རེས་ཀྱི་གཟིགས་སྐོར་དེ་རྒྱ་ནག་གིས་ལྷག་བསམ་རྣམ་དག་གིས་གདན་ཞུ་གནང་བ་དང་། བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་ནས་གོ་སྒྲིག་བྱས་བ་མིན་པར་རྒྱ་ནག་ཐབས་ཟད་ཨུ་ཐུག་གིས་ཡོ་རོབ་མཐུན་ཚོགས་ཀྱི་རེ་འདུན་ལྟར་བོད་ནང་ཕེབས་བཅུག་པར་ངོས་འཛིན་གནང་བཞིན་པ་གསུངས་བྱུང་ལ། དེའི་སྔོན་སངས་རྒྱས་སྐྱབས་ལགས་ཀྱིས། ཕྱིའི་རྒྱལ་ཁབ་ཀྱི་གཟིགས་སྐོར་གང་ཡིན་ཡང་རྒྱ་ནག་གཞུང་གིས་སྔ་ས་ནས་འཆར་གཞི་ལྡན་པའི་སྒོ་ནས་ཆོག་མཆན་སྤྲད་པ་དང་འཚམས་གཟིགས་འགྲོ་ཡུལ་སོགས་གོ་སྒྲིག་བྱེད་བཞིན་ཡོད་པས། དེ་ལ་རང་བཞིན་གྱིས་རྒྱ་ནག་གཞུང་གིས་སྟངས་འཛིན་ཚོད་འཛིན་འོག་བོད་ནང་གི་དངོས་ཡོད་གནས་སྟངས་མཐོང་ཁག་པོ་ཡིན་པ་གསལ་བོ་རེད་ཅེས་ངོ་སྤྲོད་གནང་ཡོད།


གསར་འགོད་པ། བསྟན་འཛིན་པདྨ། བཀྲ་ཤིས་དབང་ཕྱུག དབྱངས་སྒྲོན། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎