རྒྱལ་ཚོགས་ནང་རང་ལུས་མེ་བསྲེགས་ཐད་གླེང་འདུག
2012.06.29
༄༅༎བོད་ནང་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་དང༌། བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱལ་ཚོགས་ནང་གླེང་འདུག།
སུད་སི་གྲོང་ཁྱེར་ཇི་ནི་ལྦ་ཚོགས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་ཡོ་རོབ་དང་། ཨ་རི། ཁེ་ན་ཌ་སོགས་རྒྱལ་ཁབ་ཁག་ཅིག་གིས། བོད་ནང་དུ་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་དང༌། བོད་མིར་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐོར་ལ་གླེང་སློང་གནང་ཡོད་པ་རེད།
གཟའ་འཁོར་འདིའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་འགྲོ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་བགྲོ་གླེང་གནང་བའི་སྐབས། འགྲོ་བ་མིའི་ལྟ་རྟོགས་ཚོགས་པའི་སྐུ་ཚབ་ནས། ཉེ་ཆར་ཕྱི་ཟླ་ལྔ་པའི་ཚེས་༢༧ ཉིན་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་བོད་མི་གཉིས་ཀྱིས་རང་ལུས་མེ་བསྲེག་བཏང་བ་ནས་བཟུང༌། རྒྱ་ནག་གཞུང་གིས་དམ་དྲག་བྱས་ཏེ། འདུ་འཛོམས་ཀྱི་རང་དབང་མེད་པའི་ཁར། ལྷ་ས་གྲོང་ཁྱེར་ནང་དུ་བདེ་འཇག་དམག་མིས། གྲོང་ཁྱེར་ནང་དུ་འགྲོ་འོང་བྱེད་མཁན་ཚོར་ངོ་སྤྲོད་ལག་འཁྱེར་ཞིབ་བཤེར་བྱེད་རྒྱུ་ཤུགས་ཆེ་རུ་བཏང་བའི་སྐོར་དང༌། ད་དུང་ཉེ་བའི་ཆར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཡུལ་བོད་ཤར་ཕྱོགས་ས་ཁུལ་ནས་ཡོང་བའི་བོད་པ་རྣམས་ལྷ་ས་གྲོང་ཁྱེར་ནང་བསྡོད་མི་ཆོག་པར་ཕྱིར་ལོག་བྱ་དགོས་པའི་བཀོད་ཁྱབ་བཏང་བ་ནི། ཁོང་ཚོ་ལྷ་ས་གྲོང་ཁྱེར་ནས་འགྲོ་དགོས་ཙམ་དུ་མ་ཟད། བོད་རང་ལྗོངས་ཟེར་བའི་ཁུལ་དུ་བསྡོད་མི་ཆོག་པའི་བཀོད་ཁྱབ་བཏང་བའི་སྐོར་དང༌། ཡང་ལྷ་ས་གྲོང ཁྱེར་ནང་དུ་མི་གསུམ་ཡན་འདུ་འཛོམས་བྱེད་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་པ་རེད། ལྷག་དོན་འགྲོ་བ་མིའི་ལྟ་རྟོགས་ཚོགས་པའི་ངོས་ནས། བློ་འཚབ་བྱེད་ཡུལ་ནི། བོད་ནང་གི་བོད་མི་ཚོར་འགྲོ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་མེད་པར་དམ་དྲག་བྱེད་པ་དེ་ཡིས། བོད་ནང་གི་གནས་སྟངས་དྲག་ཏུ་འགྲོ་རྒྱུ་ལས་ལྡོག་ཏེ། བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་འཛིན་པའི་ཁོན་འཛིན་གྱི་རྣམ་པ་ཤུགས་ཆེ་རུ་འགྲོ་རྒྱུ་མ་ཟད། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གྱི་རྣོ་ངར་ཛ་དྲག་ཏུ་འགྲོ་རྒྱུ་ཡིན་པ་ངོས་འཛིན་གནང་སྟེ། ཁོང་ཚོས་རྒྱ་ནག་གཞུང་ལ་བོད་མི་ཚོར་འདུ་འཛོམས་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཡང་གནང་ཡོད་པ་རེད། ད་རེས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་ལ། དམིགས་བསལ་བོད་ནང་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་མཁན་གྱི་གྲས་སུ། ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང༌། ཨ་མི་རི་ཀ། ཅེག་སྤྱི་མཐུན་རྒྱལ་ཁབ། སུད་ཌེན། ཁེ་ན་ཌ། སྦེལ་ཇེམ་ སྐུ་ཚབ་སོ་སོའི་ཐོག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་གསལ་སྟོན་གནང་ཡོད་པ་རེད།