རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་བྱུས་བྱེད་མི་ཆོག་པ་ཡོ་རོབ་ནང་པའི་མཐུན་ཚོགས་ཀྱིས་བསྒྲགས་གཏམ་སྤེལ་འདུག
དེ་ཡང་འདི་ཟླའི་ཚེས་༢༤་ཉིན་ཡོ་རོབ་མཐུན་ཚོགས་ཀྱི་ལྟེ་གནས་བྷེལ་ཇམ་གྱི་རྒྱལ་ས་(Brussels)་རུ་ཡོ་རོབ་ནང་གི་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་འཚོགས་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྐུའི་ཡང་སྲིད་གཙོས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་སྲོལ་ནང་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་འཚམས་འཇོག་དགོས་པ་དང་། ཡོ་རོབ་ནང་པའི་མཐུན་ཚོགས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་ཀྱི་བླ་ཆེན་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་སྐུ་དབང་དེ་༧མགོན་པོ་གང་ཉིད་དང་དགའ་ལྡན་ཕོ་བྲང་ཡིག་ཚང་། དེ་བཞིན་བོད་མི་མང་ལ་ཡོད་སྟབས་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་བཞིན་ངོས་འཛིན་ཞུ་དགོས་པ་ནན་བརྗོད་གནང་བ་དང་སྦྲགས། རྒྱལ་སྤྱིའི་མང་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་དེའི་ཐོག་ཐེ་བྱུས་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཅས་ཞུས་ཡོད་པ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། ཡོ་རོབ་ནང་པའི་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་རྒྱ་ནག་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་གནང་དགོས་པའི་རེ་སྐུལ་གནང་འདུག
ཡོ་རོབ་ནང་པའི་མཐུན་ཚོགས་ཀྱིས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་། བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་གྲོས་མོལ་བསྐྱར་གསོ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་གནང་བ་དེར་བྷེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་དགའ་བསུ་ཞུས་གནང་འདུག ཕྱི་ཟླ་༩བའི་ཚེས་༡་ཉིན་ནས་བཟུང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐོག་སྟངས་འཛིན་བྱེད་ཕྱོགས་ཀྱི་ཁྲིམས་གཞི་འམ་བཀའ་ཁྱབ་ཨང་༡༩་པ་ཞེས་པ་ལག་ལེན་བསྟར་འགོ་བཙུགས་ནས།་བོད་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་སྔར་ལས་ལྷག་པའི་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་པའི་དུས་འདིར་གོང་ཞུས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་གནང་བ་དེ་ནི་དུས་དང་འཚམས་པ་ཞིག་ཡིན་འདུག་ལ། རྒྱ་གཞུང་གིས་གོང་ཞུས་བཀའ་ཁྱབ་ཨང་༡༩་པ་དེ་ལག་བསྟར་བྱེད་དོན་གཙོ་བོ་གཅིག་ནི། རང་ཉིད་ཀྱི་ཆབ་སྲིད་དགོས་མཁོ་ཁག་སྒྲུབ་ཐབས་དང་། བོད་བརྒྱུད་ནང་བསྟན་ལ་དམིགས་ཚད་བཟུང་ནས་ངོ་སྤྲོད་དང་ལག་བསྟར་བྱེད་བཞིན་པའི་ཐབས་ལམ་འདྲ་མིན་སྣ་ཚོགས་སྤེལ་བཞིན་པ་ཁག་གི་ཆ་ཤས་ཤིག་ཡིན་འདུག
ཡོ་རོབ་ནང་པའི་མཐུན་ཚོགས་དེ་ནི་ཡོ་རོབ་ནང་གི་ནང་པའི་ཆོས་ཚོགས་ཁག་དང་རྒྱལ་ཡོངས་ནང་པའི་ཆོས་ཚོགས་ཁག་ཐུན་མོང་གི་ལྷན་ཚོགས་ཤིག་ཡིན་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།