ཡོ་རོབ་གྲོས་ཚོཊ་དུ་བོད་དོན་ཐད་ཛ་དྲག་གྲོས་ཆོད་བཞག་འདུག


2016-12-16
Share
ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་ར་དངོས། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་ར་དངོས།
tibet.net

ཧྥ་རན་སིའི་གྲོང་ཁྱེར་སི་ཊར་སི་བྷག་རྟེན་གཞི་བྱེད་པའི་ཡོ་རོབ་གྲོས་ཚོགས་དུ་བོད་དོན་གཙོས་གསེར་རྟ་ཆོས་སྒར་ཐད་ཛ་དྲག་གྲོས་ཆོད་བཞག་འདུག
དེ་ཡང་སྤྱི་ཟླ་༡༢་ཚེས་༡༥་ཉིན། ཧྥ་རན་སིའི་གྲོང་ཁྱེར་སི་ཊར་སི་བྷག་(Strasbourg)་རྟེན་གཞི་བྱེད་པའི་ཡོ་རོབ་གྲོས་ཚོགས་དུ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་གནད་དོན་དང་། རྒྱའི་བཙོན་འོག་ན་ཡོད་པའི་ཡུ་གུར་དཔལ་འབྱོར་རིག་པ་བ་སྐུ་ཞབས་Ilham Tohti་མཆོག་དང་འབྲེལ་བའི་ཐོག་ཛ་དྲག་གི་གྲོས་ཆོད་བཞག་འདུག
གྲོས་གཞི་འདོན་མཁན་ཡོ་རོབ་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་ཆེ་ཁག་ཡོ་རོབ་མི་མང་ཚོགས་པ་དང་། ཡོ་རོབ་རྙིང་ཞེན་དང་གསར་བརྗེ་ཚོགས་པ། ཡོ་རོབ་གུ་ཡངས་དམངས་གཙོ་སྣ་འབྲེལ་ཚོགས་པ་། ལྗང་ཁུ་ཚོགས་པ། ཡུ་རོབ་རང་དབང་དང་ཐད་བསྐོས་མང་གཙོ་ཚོགས་པ་བཅས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་དང་མང་གཙོ་རིང་ལུགས་ཀྱི་ཡར་ཐོན་སྣ་འབྲེལ་ཚོགས་པས་གྲོས་གཞི་དེར་རྒྱབ་སྐྱོར་གནང་འདུག
གྲོས་ཆོད་དེ་སྡེ་ཚན་གསུམ་དང་དོན་ཚན་༤༠་ཡོད་པའི་ཁོངས་ནས་དོན་ཚན་༣༡་དེ་སྤྱིར་ན་བོད་དོན་དང་བྱེ་བྲག་བླ་རུང་ཆོས་སྒར་གཏོར་བཤིག་གི་གནད་དོན་ཐད་བཞག་འདུག
དེ་བཞིན་གྲོས་ཆོད་ནང་དུ་དེ་སྔ་བཞག་པའི་བོད་དོན་དང་འབྲེལ་བའི་གྲོས་ཆོད་ཁག་དང་། དེ་མིན་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་སུ་ཆབ་སྲིད་ཀྱི་སྲིད་བྱུས་འཛིན་ཕྱོགས་དང་བསྒྲགས་གཏམ་སྤེལ་བ་ཁག གཞན་ད་རེས་རྒྱ་ནག་གཞུང་གིས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གཏོར་བཤིག་དང་གྲྭ་བཙུན་རྣམ་པ་བཙན་དབང་གིས་ཕྱིར་ཕུད་གཏོང་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་སྦྲགས། རྒྱ་ནག་གཞུང་ལ་བོད་མིའི་སྐུ་ཚབ་དང་ལྷན་བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་པའི་རེ་འདུན་ཡང་བཏོན་འདུག
ད་ཐེངས་གྲོས་ཆོད་བཞག་ཐུབ་པ་དེ་ཡང་གཙོ་བོ་ཉེ་ཆར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡོ་རོབ་ཁུལ་དུ་ཆིབས་བསྒྱུར་བསྐྱང་སྐབས་གྲོས་ཚོགས་འཐུས་མི་མང་པོས་མཇལ་ཁ་ཞུས་པ་དང་། དེ་བཞིན་སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་སྣེ་ཁྲིད་དང་འབྲེལ་ཡོད་ལས་བྱེད་བཅས་ཀྱིས་བར་ལམ་ནས་གྲོས་ཚོགས་འཐུས་མི་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུགས་རིམ་པ་གནང་བ་བཅས་ཀྱི་གྲུབ་འབྲས་ལས་བྱུང་བ་ཡིན་འདུག
ཡོ་རོབ་གྲོས་ཚོགས་ནས་བོད་དོན་གྲོས་ཆོད་མཐའ་མ་དེ་ཕྱི་ལོ་༢༠༡༡་ལོར་བཞག་གནང་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།