རྒྱ་ནག་གིས་འབོ་ར་ནས་དགེ་འདུན་པ་ལྔ་བཟུང་འདུག།
2012.12.18
འདི་གའི་རླུང་འཕྲིན་ཁང་གི་གསར་འགོད་པས་གནས་ཚུལ་བཏང་དོན། ཟླ་བ་འདིའི་ཚེས་༢ཉིན་བོད་མདོ་སྨད་བླ་བྲང་འབོ་རའི་གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བའི་ཕྱི་ཉིན་སྟེ་ཕྱི་ཚེས་༣ཉིན་ཨ་མཆོག་ས་གནས་ཉེན རྟོག་པ་དང་། འབོ་ར་ཤང་སྲིད་གཞུང་གི་ལས་བྱེད་མཉམ་འབྲེལ་ཐོག་དགོན་པར་ཡོང་སྟེ་དགོན་པའི་དགེ་འདུན་རྒྱ་མཚོ་ལགས་དང་། བློ་བཟང་འཕགས་པ་ལགས། འཇམ་དབྱངས་བཟོད་པ་ལགས། འཇམ་དབྱངས་བློ་གྲོས་ལགས། འཇམ་དབྱངས་རྒྱ་མཚོ་ལགས་བཅས་དགེ་འདུན་ལྔ་སྐད་ཆ་འདྲི་རྒྱུ་ཡོད་ཚུལ་བཤད་དེ་རང་ཤག་ནས་འཛིན་བཟུང་གིས་འབོ་ར་ཤང་སྲིད་གཞུང་དུ་ཁྲིད་ཡོད་ཀྱང་། དུས་དེ་ནས་བཟུང་ནང་མི་ཉེ་འབྲེལ་ཚོས་ཁོང་རྣམ་པ་གར་ཡོད་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད་། འབོ་ར་འབྲུག་བྷེ་ཡིས་བརྗོད་པར་གཞིགས་ན། ད་རེས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་དགེ་འདུན་རྒྱ་མཚོ་ལགས་ད་ལོ་རང་ལོ་༤༧ཡས་མས་ཤིག་ཡིན་འདུག་པ་དང་། ཁོང་ནི་ལྷ་འབུམ་ཐང་རི་འགབ་མ་ནས་ཡིན་ཞིང་། མ་མིང་ལ་བསོད་ནམས་འཚོ་དང་། དགེ་འདུན་བཟོ་བཟང་འཕགས་པ་ལགས་ནི་ཀང་ཀྱ་སྡེ་བའི་ཕ་མཁར་བྱམས་རྒྱལ་ལགས་དང་། མ་ཆོས་སྐྱོང་ལགས་གཉིས་ཀྱི་བུ་ཡིན་པ་དང་། དེ་སྔོན་རྔ་བ་ཀིརྟི་དགོན་དུ་གྲ་བ་བྱས་མྱོང་ཡོད་ཀྱང་ཉིས་སྟོང་བཅུ་ལོའི་རྗེས་སུ་རྒྱ་ནག་གཞུང་གིས་རྔ་བ་ཁུལ་གྱི་གྲ་པ་ལས་ས་གནས་གཞན་ནས་ཡིན་པ་ཚོ་དགོན་པར་འདོད་མི་ཆོག་པ་བཟོས་ནས་ཚང་མ་རང་གནས་སུ་ཕྱིར་ཕུད་བྱས་སྟབས་འབོ་ར་དགོན་དུ་ཆོས་ཞུགས་གནང་ཡོད་འདུག རང་ལོ་ཉི་ཤུ་རྩ་བཞི་ཡིན་པའི་དགེ་འདུན་འཇམ་དབྱངས་བཟོད་པ་ལགས་ནི་སྦོག་ཚ་སྡེ་བ་ཆེན་བ་ནས་ཡིན་པ་དང་། ཕ་མིང་ལ་འཇམ་དབྱངས་རྒྱ་མཚོ་དང་། མ་མིང་ལ་དཀོན་མཆོག་སྐྱིད་ཡིན་པ་རེད་། དེ་བཞིན་རང་ལོ་༢༠ཡས་མས་ཀྱི་འཇམ་དབྱངས་བློ་གྲོས་ལགས་ནི་རྩ་ས་སྡེ་བ་ནས་ཡིན་པ་དང་། ཕ་མིང་ལ་གདུགས་དཀར་ཞེས་འབོད་ཀྱི་ཡོད་པ་དང་། དེ་མིན་རང་ལོ་༢༠ཡས་མས་ཡིན་པ་འཇམ་དབྱངས་རྒྱ་མཚོ་ལགས་ནི་ནོར་ལུང་གོང་མ་ནས་ཡིན་ཞིང་ཕ་མིང་ལ་སྙིང་ལྕགས་བྱམས་དང་། མ་མིང་ལ་ཀླུ་མོ་མཚོ་ཞེས་འབོད་ཀྱི་ཡོད་འདུག
ཀན་ལྷོ་ཕྱོགས་སུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནས་ཚུལ་བྱུང་རྗེས། ཀན་ལྷོ་ཕྱོགས་ཡོངས་སུ་དམ་དྲག་ཇེ་ཆེར་བཏང་ཐོག་མི་དམངས་ལ་སློབ་གསོ་རྒྱག་པ་དང་། ཟླ་ ༢ ཙམ་གྱི་རིང་ས་གནས་ཀྱི་བརྒྱུད་ལམ་མང་པོ་བཀག་སྡོམ་བྱས་ཡོད་འདུག