བོད་ཀྱི་མངའ་རི་ཁུལ་ནས་དེ་སྔའི་བང་སོ་རྙེད་སོན།
2012.08.24
༄༅། །འདི་རིང་ལྷ་ས་ནས་རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང༌། བོད་ཀྱི་མངའ་རི་ཁུལ་ནས་སྔ་མོའི་བང་སོ་བཞི་རྙེད་སོན་བྱུང་ཡོད་པ་རེད། བང་སོ་དེ་དག་ནི་དེ་སྔའི་བོད་ཀྱི་ཆོས་རྒྱལ་གྱི་དུས་རབས་སྐབས་ཡིན་པ་དང༌། དེའི་ནང་དུ་ཡོད་པའི་དངོས་རྫས་རྣམས་ལོ་ཉིས་སྟོང་ལྷག་ཕྱིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ལུགས་དང། དེ་ཡང་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་གནའ་བོའི་དངོས་རྫས་དཔྱད་ཞིབ་ཚན་པའི་Tong Tao ཟེར་བས། བང་སོ་དེའི་ནང་ནས་ཤིང་ལས་བཟོས་པའི་སྒམ་ཆུང་དང༌། ཟངས་ལས་བཟོས་པའི་སྣོད་ཆས་དང༌། གསེར་ལས་བཟོས་པའི་ངོ་ཁེབས། དེ་བཞིན་གྲི་དང་མིའི་རུས་སྒྲོམ་ཡོད་པར་བརྟེན། དངོས་པོ་དེ་རྣམས་ཕུང་པོའི་མཉམ་དུ་སྦས་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག