དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས། ཆོས་ཉམས་སུ་ལེན་པར་གཙོ་བོ་ཀུན་སློང་ཡང་དག་པ་ཞིག་དགོས་གལ་ཆེ་བའི་སྐོར་བཀའ་གནང་སོང་།
སྤྱི་ལོ་༢༠༢༣ ལོའི་སྤྱི་ཟླ་༡༠ པའི་ཚེས་༢ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་་དགའ་ལྡན་ཁྲི་པ་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོ་བོ་གྱུར་བའི་རྒྱ་རིགས་ཆོས་ཞུ་བ་རྣམས་ལ་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་གནང་བའི་སྐབས། ལམ་རིམ་བསྡུས་དོན་ནི་རྒྱན་འཇུག་གཉིས་ཀྱི་སྙིང་པོ་བསྡུས་ཏེ། ཉམས་སུ་ལེན་བདེ་བ་དང་། ཚིག་ཉུང་ཞིང་། དོན་ཟབ་པ་ཧ་ཅང་གི་ཕན་ཐོགས་ཡོད་པ་གསུངས་ཤིང་། ཆོས་ཉམས་ལེན་ཡོང་བར་གཙོ་བོ་ཀུན་སློང་ཡང་དག་པ་ཞིག་དགོས་གལ་ཆེ་བའི་སྐོར་བཀའ་གནང་སོང་།
ཡང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས། སངས་རྒྱས་གོ་འཕང་ཐོབ་བྱེད་ཀྱི་ལམ་ཉམས་སུ་ལེན་དགོས་པ་དང་། ཐོབ་བྱེད་ཀྱི་ལམ་ཉམས་སུ་ལེན་པ་ལ། ཐོག་མ་ཤེས་དགོས་པ་དང་། དེ་ནས་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་རིམ་བཞིན་སྔོན་དུ་འགྲོ་དགོས་པ་གསུངས་གནང་སོང་།
ཡང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མུ་མཐུད་བཀའ་ཆོས་སྩལ་བའི་ནང་སྐབས། དལ་འབྱོར་མི་ལུས་ཐོབ་པ་ཤིན་ཏུ་དཀའ་བ་མ་ཟད། མི་ལུས་རིན་ཆེན་དེ་ནི་ཡིད་ཤེས་ནོར་བུ་ལས་ཀྱང་ལྷག་། འོན་ཀྱང་། ཧ་ཅང་གི་འཇིག་སླ་བ་ཡོད་པར་བརྟེན། རྟག་ཏུ་དགེ་བའི་ལས་ལ་རྩོལ་དགོས་གལ་ཆེ་བ་དང་། འཆི་བའི་རྗེས་སུ་སླར་ཡང་དལ་འབྱོར་མི་ལུས་རིན་ཆེན་ཐོབ་དགོས་ན། ད་ལྟ་ནས་ཚུལ་ཁྲིམས་རྣམ་པ་དག་པ་སྲུང་དགོས་གལ་ཆེ་ཞེས་བཀའ་གནང་སོང་།
གཞི་རྩའི་ཐེངས་འདིའི་བཀའ་ཆོས་དེ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་འབྲེལ་སྩལ་གཏན་ཁེལ་ཡོད་ཀྱང་། འདི་ཚེས་༡ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་བསྐྱངས་ཏེ། མགོན་པོ་༸གང་ཉིད་མཆོག་ནས་མགུལ་ཆམ་བཞེས་པར་བརྟེན། ༸སྐུའི་བླ་སྨན་པ་རྣམས་དང་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་ཚོས་སྐུ་ངལ་གསོ་གལ་ཆེ་བའི་དགོངས་འཆར་དང་གསོལ་འདེབས་ཞུས་པ་ལྟར། བཀའ་བཞེས་བཟང་པོ་ཐོབ་པར་བརྟེན། ཐའེ་ཝན་གསུང་ཆོས་ཉིན་དང་པོ་དང་གཉིས་པ་གཉིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་གནང་གཏན་འཁེལ་ཡོད་པ་ཡོངས་ཁྱབ་ཀྱི་གསལ་བསྒྲགས་སྤེལ་ཡོད་པ་རེད།
ད་རེས་ཀྱི་གསུང་ཆོས་ལ་ཐའེ་ཝན་ནས་དད་ལྡན་ཆོས་ཞུ་བ་༡༠༠༠ ལྷག་ཆེད་ཕེབས་གནང་འདུག་ཅིང་། གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཧུ་(Hu) ལགས་ཀྱིས། འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ཙམ་ནས་ང་ཚོ་བཞུགས་སྒར་རྡ་རམ་ས་ལར་ཡོང་སྟེ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་ཆོས་ཞུ་ཡི་ཡོད། དེ་རིང་དགའ་ལྡན་ཁྲི་རིན་པོ་མཆོག་གི་དྲུང་ནས་བཀའ་ཆོས་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་ལ། རིན་པོ་ཆེ་མཆོག་གིས། ང་ཚོའི་མི་ལུས་རིན་ཆེ་དེ་གལ་ཆེ་པོ་ཇི་ལྟར་ཡིན་ཚུལ་གསུངས་སོང་བས། སེམས་ལ་ཟུག་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
སྐབས་དེར་དད་ལྡན་ཆོས་ཞུ་བ་Allen ལགས་ཀྱིས། རྡ་རམ་ས་ལར་འབྱོར་བར་དགའ་ཚོར་ཆེན་པོ་བྱུང་། འོན་ཀྱང་། ཁ་སང༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་འགུལ་ཆམ་བཞེས་པའི་གནས་ཚུལ་ཐོས་སྐབས། ང་དང་ངའི་སྤུན་གྲོགས་ཚོ་བློ་མ་བདེ་པ་བྱུང་སོང་། ངས་མགྱོགས་མྱུར་གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་གསལ་ཐང་ཡོང་སྟེ། གསེར་ཞལ་དངོས་སུ་མཇལ་རྒྱུ་དང་། ༸སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང་།
དེ་བཞིན་ཐའེ་ཝན་ནས་ཡིན་པའི་ཞུ་བ་Sue-Ju Chen་ལགས་ཀྱིས། ང་འདིར་དངོས་སུ་བཅར་ཐུབ་པར་ཧ་ཅང་གི་དགའ་ཚོར་བྱུང་། ད་རེས་གནས་ཆེན་འདིར་དགའ་ལྡན་ཁྲི་རིན་པོ་ཆེའི་དྲུང་ནས་བཀའ་ཆོས་ཞུ་རྒྱུ་བྱུང་བ་ནི་སངས་རྒྱས་དངོས་ཀྱི་གསུང་བྱོན་པ་ལྟ་བུའི་མྱོང་ཚོར་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ད་རེས་ཆོས་འབྲེལ་དེ་བཞིན་འདི་ཚེས་༢ ནས་༤ བར་ཉིན་གྲངས་༣ རིང་སྩལ་རྒྱུ་ཡིན་པ་དང་། ཉིན་མཐའ་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྒྱུ་ཡིན་པ་མཛད་འཆར་སྒྲིག་འདུག་པ་མ་ཟད། དད་ལྡན་ཆོས་ཞུ་ཚོས་༸གོང་ས་མཆོག་གི་གསེར་ཞལ་མཇལ་ཏེ་བཀའ་དབང་ཐོབ་པའི་གསོལ་བ་སྨོན་ལམ་བཏབ་མུས་རེད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།