དགེ་འདུན་པ་རྣམ་པས་སོ་སོས་ཁས་བླང་བའི་ཚུལ་ཁྲིམས་རྣམ་དག་སྲུང་དགོས། དགའ་ལྡན་ཁྲི་རིན་པོ་ཆེ་ཡིས།
དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༣ནས་༩བར་བདུན་ཕྲག་གཅིག་གི་རིང་། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་ཐོག་༡༠༤པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་གཞུང་ལམ་དང་། རྒྱལ་ཚབ་རིན་པོ་ཆེས་མཛད་པའི་རྒྱུད་བླ་མའི་འགྲེལ་རྒྱུད་བླའི་དར་ཌཱིཀ་གཉིས་ཀྱི་བཤད་ལུང་བཅས་གསུང་ཆོས་མཇུག་སྒྲིལ་སྐབས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དགེ་འདུན་པ་རྣམ་པས་སློབ་གཉེར་གྱི་ཐོག་ཧུར་བརྩོན་གནང་དགོད་བ་དང་། སོ་སོས་ཁས་བླང་པའི་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་དགོས་པ་སོགས་ཀྱི་ལམ་སྟོན་གནང་བ་དང་མཉམ། གཞུང་གི་རྩ་བ་རྣམས་བློ་འཛིན་གྱིས་འགྲེལ་བ་རྣམས་ཡང་ཡང་ཀློག་དགོས་པ་དང་། རྒྱན་འཇུག་གཉིས་དང་སྤྱོད་འཇུག དེ་བཞིན་ལེགས་བཤད་སྙིང་པོ་དང་འགྲེལ་བ་དོན་གསལ་ལ་སོགས་པའི་གཞུང་དོན་རྣམས་ཤེས་པར་བྱས་པ་གཞིར་བཟུང་། རིམ་པས་སྒྲུབ་པ་ཉམས་ལེན་གནང་ནས་སེམས་རྒྱུད་ཇེ་བཟང་དུ་གཏོང་ཐབས་དགོས་པའི་ལམ་སྟོན་གནང་བ་དང་། དགེ་རྒན་རྣམ་པས་དམིགས་བསལ་རང་གི་དགེ་ཕྲུག་ཚོར་ཆུང་དུས་ནས་བདག་གཅེས་ཀྱི་ལམ་སྟོན་འཐུས་གཙང་གནང་དགོས་པའི་བཀའ་སློབ་གནང་ཡོད་པ་རེད།
ད་དུང་ཁྲི་རིན་པོ་ཆེ་མཆོག་གིས། སྤྱི་ནོར་༧གོང་ས་མཆོག་ལ་ཐུགས་ཁོམ་ནམ་བྱུང་གི་སྐབས་གཞུང་ཕྱག་དཔེ་ཁག་གཟིགས་བཞིན་ཡོད་པའི་བཀའ་སློབ་དེ་ལུང་འདྲེན་གྱིས། སློབ་གཉེར་ཐོག་འབད་བརྩོན་དགོས་པའི་ལམ་སྟོན་གནང་བ་མ་ཟད། གྲྭ་ཚང་གི་ནང་སློབ་གཉེར་ཡག་པོ་ཡོང་རྒྱུར་དབུ་ལས་དང་སློབ་གཉེར་བ་ཚང་མས་འཁུར་མཉམ་ལེན་དགོས་པའི་ལམ་སྟོན་ཡང་གནང་ཡོད་པ་རེད།
དེ་དང་མཉམ་སྒོ་མང་གྲྭ་ཚང་ནས་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གནང་ཡོད་པ་དང་། ལོ་རྗེས་མར་ཁྲི་རིན་པོ་ཆེ་མཆོག་གིས་སྒོ་མང་གྲྭ་ཚང་དུ་བྱང་ཆུབ་གཞུང་ལམ་གྱི་བཤད་ལུང་མུ་མཐུད་འཕྲོ་སྐྱོང་གནང་རྒྱུ་མ་ཟད། ད་དུང་ལམ་རིམ་མཆན་བཞི་སྦྲགས་ཀྱི་བཤད་ལུང་བཅས་གནང་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།