རྒྱ་ནག་ནི་འཇར་མན་ནང་གསང་མྱུལ་གྱི་ལས་དོན་སྤེལ་མཁན་གཙོ་བོའི་གྲས་སུ་ཐེར་འདོན་བྱས་འདུག

2023.06.22
རྒྱ་ནག་ནི་འཇར་མན་ནང་གསང་མྱུལ་གྱི་ལས་དོན་སྤེལ་མཁན་གཙོ་བོའི་གྲས་སུ་ཐེར་འདོན་བྱས་འདུག རྒྱ་ནག་གི་སྲིད་བློན་གསར་པ་(Li Qiang)་དང་འཇར་མན་གྱི་སྲིད་བློན་(Olaf Scholz)་གཉིས་མཇལ་འཕྲད་རྗེས། ༠༦།༢༠།༢༠༢༣
AP

ཕྱི་ཟླ་༦པའི་ཚེས་༢༠ཉིན་རྒྱ་ནག་གི་སྲིད་བློན་གསར་པ་འཇར་མན་ནང་འཚམས་གཟིགས་སུ་འབྱོར་ཏེ་འཇར་མན་གྱི་སྲིད་བློན་དང་མཇལ་འཕྲད་གནང་པའི་ཉིན་མོར། འཇར་མན་བདེ་སྲུང་ལས་དོན་ཁང་གི་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་ནི་འཇར་མན་ནང་གསང་མྱུལ་གྱི་ལས་དོན་སྤེལ་མཁན་གཙོ་བོའི་གྲས་ཡིན་པ་ཐེར་འདོན་བྱས་འདུག
འཇར་མན་གཞུང་གིས་ཚེས་༢༠ཉིན་ཕྱིར་བསྒྲགས་བྱས་པའི་འཇར་མན་བདེ་སྲུང་ལས་དོན་ཁང་གི་ལོ་འཁོར་སྙན་ཐོའི་ནང་། རྒྱ་ནག་ནི་འཇར་མན་ནང་ཆབ་སྲིད་དང་དཔལ་འབྱོར། དམངས་ཁྲོད་བཅས་ཀྱི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཐད་ནས་གསང་མྱུལ་གྱི་ལས་དོན་སྤེལ་མཁན་གཙོ་བའི་གྲས་སུ་ཐེར་འདོན་བྱས་འདུག་ཅིང་། སྙན་ཐོ་འདི་ནི་འཇར་མན་གྱི་སྲིད་བློན་(Olaf Scholz)་དང་རྒྱ་ནག་གི་སྲིད་བློན་གསར་པ་ལིས་ཆང་རྣམ་གཉིས་ཕྱི་ཟླ་༦ཚེས་༢༠ཉིན་འཇར་མན་གྱི་རྒྱལ་ས་སྦར་ལིན་དུ་མཇལ་འཕྲད་གནང་པའི་ཉིན་མོ་དེ་རང་དུ་བཏོན་ཡོད་པ་རེད། རྒྱ་ནག་གི་སྲིད་བློན་གསར་པ་ལིས་ཆང་གི་འཇར་མན་གྱི་བལྟ་བསྐོར་འདི་ནི་ཁོང་སྲིད་བློན་གྱི་ལས་འཁུར་བླངས་རྗེས་ཀྱི་ཕྱི་རྒྱལ་ཡུལ་གྲུའི་ལྟ་སྐོར་ཐོག་མ་དེ་ཡིན་པ་རེད། འཇར་མན་གྱི་སྲིད་བློན་(Olaf Schoz)་སྔ་ལོ་ཕྱི་ཟླ་༡༡པའི་ནང་རྒྱ་ནག་ཏུ་བལྟ་སྐོར་དུ་ཕེབས་ཤིང་། དེ་ནི་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀྱི་བཀག་རྒྱ་ཕྱིར་བསྡུ་བྱས་རྗེས་ནུབ་ཕྱོགས་མང་གཙོའི་ཡུལ་གྲུའི་དཔོན་རིགས་རྒྱ་ནག་ནང་བལྟ་སྐོར་གནང་མཁན་ཐོག་མ་དེ་ཡང་ཆགས་ཡོད་པ་རེད།
ཕྱི་ཚེས་༢༠ཉིན་འཇར་མན་གྱི་སྲིད་བློན་(Olaf Scholz)་ཡིས་གཙོས་པའི་མཐོ་རིམ་དཔོན་རིགས་ཚོས་རྒྱ་ནག་གི་སྲིད་བློན་གསར་པ་(Li Qiang)་གིས་སྣེ་ཁྲིད་པའི་རྒྱ་ནག་གི་དཔོན་རིགས་དགུ་དང་ཐུག་འཕྲད་སྐབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་སོགས་ཀྱི་ཐད་ནས་གྲོས་མོལ་བྱས་ཡོད་འདུག་ལ། རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་ཐུག་འཕྲད་རྗེས་འཇར་མན་གྱི་སྲིད་བློན་(Olaf Scholz)་དང་རྒྱ་ནག་གི་སྲིད་བློན་(Li Qiang)་གཉིས་ཀྱིས་མཉམ་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་རེད། འོན་ཀྱང་ཁོང་གཉིས་ནས་སྔོན་ཚུད་ནས་གྲ་སྒྲིག་ཡོད་པའི་སྒྲགས་གཏམ་ཕྱིར་བསྒྲགས་བྱས་མ་གཏོགས་དེར་འདུས་ཀྱི་གསར་འགོད་པ་ཚོར་དྲི་བ་བྱེད་པའི་གོ་སྐབས་སྤྲད་མེད་པ་དེ་ནི། འདི་སྔོན་སྔ་འཇར་མན་ནང་བྱུང་མྱོང་མེད་པའི་སྣང་ཚུལ་ཞིག་རེད་ཅེས་གསར་འགོད་པ་གྲགས་ཅན་ཁག་ཅིག་གིས་སྤྱི་ཚོགས་དྲ་རྒྱ་(Twitter)་ཐོག་གནས་ཚུལ་བཀོད་སྤེལ་བྱས་འདུག
འཇར་མན་གྱི་སྲིད་བློན་(Olaf Scholz)་ཡིས་གསར་འགོད་ལྷན་ཚོགས་ཐོག་སྤེལ་བའི་གཏམ་བཤད་ཀྱི་ནང་། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནི་ང་ཚོ་མི་རེ་ངོ་རེས་བརྩི་སྲུང་བྱེད་དགོས་པའི་འོས་འགན་ཡིན་སྐོར་གསུངས་པ་ལས་བོད་དང་། ཡུ་གུར། ཐེ་ཝན། ཧོང་ཀོང་བཅས་ཀྱི་གནད་དོན་གླེང་མེད་པ་(Berlin)་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་(Kai Muller)་ཡིས་འགྲེལ་བརྗོད་གནང་འདུག
བརྒྱུད་ལམ་ཁག་ནང་གནས་ཚུལ་བཀོད་པ་ལྟར་ན། འཇར་མན་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་བློན་གཉིས་ཐུག་འཕྲད་བྱས་པའི་སྐབས་སུ། འཇར་མན་སྲིད་བློན་ལས་ཁུངས་ཀྱི་ཕྱི་རོལ་དུ་སྟོད་གོས་དམར་པོ་གྱོན་པའི་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ཚོས་དགའ་བསུ་བྱས་ཡོད་པ་དེ་དག་གྲས་ཀྱི་མི་མང་ཆེ་བ་ན་གཞོན་སློབ་མ་ཡིན་སྲིད་པ་དང་། ཡང་བོད་མི་དང་། ཡུ་གུར། ཐེ་ཝན། དེ་བཞིན་ཧོང་ཀོང་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་དེ་དག་ས་ཐག་རིང་ཞིང་མི་མངོན་པ་ཆེན་པོ་མེད་པའི་ས་ཁུལ་ཞིག་ཏུ་ངོ་རྒོལ་བྱེད་ཆོག་པའི་མཆོག་ཆན་སྤྲད་ཡོད་འདུག


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎