པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དབུས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས།
2020.05.16
ཇར་མི་ནིའི་ (Germany) གྲོས་ཚོགས་འཐུས་མི་དང་ཨིས་ཊོ་ནི་ཡ་(Estonia) གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་རིན་པོ་ཆེ་མཆོག་གི་ནང་མི་སྐུ་འཁོར་གྱི་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམ་འཕྲལ་དུ་གློད་བཀྲོལ་དང་། བོད་ནང་གི་བོད་མི་ཚོར་ཆོས་དད་རང་དབང་དགོས་པའི་འབོད་སྐུལ་གནང་འདུག།
ཕྱི་ཟླ་༥ཚེས་ ༡༧ཉིན་མོ་དེ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ཧྲིལ་པོ་ ༢༥ འཁོར་བ་དང་བསྟུན། ཇར་མི་ནིའི་གྲོས་ཚོགས་འཐུས་མི་བཞི་ཡིས་མཉམ་འབྲེལ་གྱི་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་པའི་ནང་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དགུང་གྲངས་༦་ནས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༢༥་འཁོར་གྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་བ་དང་ཆབས་ཅིག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་སྲུང་བརྩི་ཞུ་དགོས་ཀྱི་རེད་ཅེས་རྒྱ་ནག་ལ་སྐུལ་ལྕགས་གནང་འདུག།
ད་རེས་ཇར་མི་ནིའི་གྲོས་ཚོགས་འཐུས་མི་བཞི་ཡིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་རྒྱ་ནག་གི་བཙན་འོག་ནས་གློད་བཀྲོལ་དགོས་སྐོར་འཛམ་གླིང་ནང་དེ་ལྟར་འབོད་སྐུལ་གནང་དགོས་དོན་གཙོ་བོ་ནི་ཉེ་ཆར་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ཨི་ཊ་ལི་དང་། སུད་སི། ཅེག་སྤྱི་མཐུན་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་ཁག་ནས་འབོད་སྐུལ་ཞུས་གནང་བ་དེར་ཕྱར་གྲུ་མཉམ་འདེགས་གནང་བ་ཞིག་ཡིན་པ་རེད།
ཡང་ཇར་མི་ནིའི་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ལམ་ལ་རྒྱབ་སྐྱོར་གནང་བའི་ཐོག་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་གནད་དོན་སྐོར་གལ་འགངས་ཆེན་པོའི་ཐོག་ནས་གྲོས་མོལ་གནང་དགོས་སྐོར་ཇར་མི་ནིའི་གཞུང་གིས་རྒྱ་ནག་ལ་འབོད་སྐུལ་གནང་དགོས་ཀྱི་རེད་ཅེས་སོགས་གསལ་སྟོན་གནང་འདུག།
ཡང་Estonia གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་འཛམ་གླི་ནང་རང་དབང་ལ་དགའ་བའི་མང་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་བོད་ནང་ཆབ་སྲིད་བཙོན་པ་གློད་བཀྲོལ་དང་བོད་མིའི་ཆོས་དད་དང་སྨྲ་བརྗོད་རང་དབང་སྲུང་སྐྱོབ་ཐོབ་ཐབས་གནང་དགོས་པ་དང་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་གིས་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་སྔོན་ཚུད་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་ཞུ་དགོས་པའི་སྐུལ་ལྕགས་གནང་ཡོད་སྐོར་དབྱིན་ཡུལ་དང་སུད་སི་བཅས་ཀྱི་བོད་གཞུང་སྐུ་ཚབ་དོན་གཅོད་ཁག་སོ་སོས་གནས་ཚུལ་སྤེལ་གནང་འདུག
སྤྱིར་འདི་ལོ་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ལོ་ངོ ༢༥ འཁོར་གྱི་ཡོད་པ་དང་བསྟུན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་མི་སྒེར་དང་ཚོགས་སྡེ་ཁག་ཚང་མས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་ལས་འགུལ་སྤེལ་གནང་གི་ཡོད་པ་རེད།།