བདེན་པའི་མེ་ལྕེ་ཞེས་པའི་སྐོར་བསྐྱོད་ལས་འགུལ།
2012.06.28
༄༅༎བོད་མི་སྤྱི་འཐུས་ལྷན་ཚོགས་ནས་བདེན་པའི་མེ་ལྕེ་ཞེས་པའི་བསྐོར་བསྐྱོད་ཀྱི་ལམ་ནས་བོད་དོན་དྲིལ་བསྒྲགས་སྤེལ་རྒྱུའི་ལས་འགུལ་འགོ་བཙུགས་གནང་ཡོད་འདུག
ཁ་ས་རེས་གཟའ་ལྷག་པའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཟླ་བ་རྗེས་མའི་ཚེས་དྲུག་སྟེ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་འགོ་’འཛུགས་གནང་ནས་འཛམ་གླིང་གི་ས་གནས་མང་པོའི་ནང་བདེན་པའི་མེ་ལྕེ་ཞེས་པའི་བསྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གནང་རྒྱུ་ཡིན་འདུག ལས་འགུལ་དེ་ནི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་། དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་བོད་ནང་གི་དངོས་ཡོད་གནས་སྟངས་འཛམ་གླིང་མི་མང་ལ་གོ་རྟོག་སྤེལ་ཐབས་སུ་དམིགས་པ་ཞིག་ཡིན་འདུག ཡང་གོང་ཞུས་གསལ་བསྒྲགས་དེའི་ནང་། ད་བར་མི་ལོ་དྲུག་བཅུ་ལྷག་ཙམ་རིང་རྒྱ་ནག་གུང་བྲན་སྲིད་གཞུང་ནས་བོད་དང་བོད་མི་ཚོའི་ཐོག་འཛིན་པའི་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་འགྱུར་བ་རྩ་བ་ནས་བཏང་མེད་པ་མ་ཟད་བོད་ཀྱི་རང་འབྱུང་གཏེར་དངོས་རྣམས་རྩ་མེད་བཟོས་པ། བོད་མི་བརྒྱ་ཕྲག་མང་པོ་དམར་བསད་དང་། ཡང་ན་སྡུག་སྦྱོང་། བཙོན་བཅུག་བྱས་པ་སོགས་ཀྱི་གནས་ཚུལ་མུ་མཐུད་ནས་ཡོང་གི་ཡོད་པ་བཅས་ལ་བརྟེན་ད་ཆ་བོད་ནང་བོད་མི་མང་པོས་༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་ལ་ཕྱིར་ཕེབས་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ཀྱི་གནད་དོན་ལ་ཐུགས་སྣང་གནང་དགོས་ལུགས་སོགས་འབོད་སྐུལ་དང་དགོས་འདུན་བཏོན་ནས་རང་གི་སྲོག་ཡན་ཆད་ཀྱང་མེ་མཆོད་ཕུལ་དང་འབུལ་བཞིན་པའི་གནས་ཚུལ་ཡོད་པ་སོགས་ལུང་འདྲེན་གནང་ཡོད་པ་རེད། ཡང་གསལ་བསྒྲགས་གནང་གསལ་ལྟར་ན། ལས་འགུལ་དེ་བཞིན་ལོ་འདིའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉི་མོར་ལས་འགུལ་འདིའི་བརྒྱུད་རིམ་ནས་བོད་དོན་རྒྱབ་སྐྱོར་གྱི་ས་རྟགས་བསྡུ་རུབ་ཞུས་པ་དང་ཞུ་སྙན་རྣམས་ཨ་རིའི་གྲོང་ཁྱེར་ནིའུཡ་ཡོག་ཏུ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། སུད་སིའི་ནང་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲིལ་བསྒྲགས་ལས་ཁུངས་བཅས་པར་འབུལ་ལམ་ཞུ་རྒྱུའི་འཆར་གཞི་ཡོད་འདུག