རྒྱ་གར་ལ་སྟོན་པའི་སྐུ་བརྙན་མཐོ་ཤོས་གཉིས་བ་བཞེངས་རྒྱུ།
2015.09.14
རྒྱ་གར་གྱི་མངའ་སྡེ་Gujaratནང་ནང་བའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་མཐོ་ཤོས་ཤིག་བཞེངས་འཆར་འདུག
རྒྱ་གར་གྱི་མངའ་སྡེ་Gujaratམངའ་སྡེའི་གཞུང་གིས་མངའ་སྡེའི་རྒྱལ་ས་Ahmedabad་ཡི་བྱང་ཕྱོགས་སུ་རྒྱང་ཐག་སྤྱི་ལེ་༡༥༠་སར་ཡོད་པའི་Devni Moriཞེས་པའི་རྒྱལ་རབས་ལོ་རྒྱུས་ལྡན་པའི་གནས་སར་སྟོན་པའི་སྐུ་བརྙན་མཐོ་ཚད་མི་ཀྲར་༡༠༨་བྱས་པ་ཞིག་བཞེངས་རྒྱུའི་ཆོག་མཆན་གནང་ཟིན་པ་དང་། དེ་ནི་འཛམ་གླིང་ནང་ནས་སྟོན་པའི་སྐུ་བརྙན་མཐོ་ཤོས་ཨང་གཉིས་པ་དེ་ཆགས་རྒྱུ་ཡིན་འདུག
སྐུ་བརྙན་དེ་བཞེངས་རྒྱུར་འགྲོ་སོང་ཧིན་སྒོར་ས་ཡ་བདུན་བརྒྱ་གཏོང་འཆར་ཡོད་པ་དང་། འཆར་གཞི་དེ་ནི་འདི་ལོའི་ཕྱི་ཟླ་༩་པའི་ཚེས་༥་ཉིན་གནས་མཆོག་རྡོ་རྗེ་གདན་ལ། རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཐོག་འཛམ་གླིང་ནང་གི་རྒྱལ་ཁབ་༢༦་ནས་ཕེབས་པའི་སྐུ་ཚབ་འཐུས་མི་༤༠༠་རྣམས་ཀྱིས་གྲོས་འཆར་བཏོན་གནང་བ་ཞིག་ཡིན་འདུག་ལ་ཡང་Gujrat Pavitra Yatradha Vikasཞེས་པའི་ཚོགས་པས་རྒྱ་གར་གྱི་སྲིད་བློན་Narendra Modiམཆོག་ལ་སྤྱན་འབུལ་ཞུས་པ་ཞིག་ཡིན་སྟབས་གནས་ས་དེར་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་དང་། སྐྱེད་མོས་ཚལ། དེ་བཞིན་ནང་པའི་རྒྱལ་ཁབ་ཁག་གིས་དགོན་པ་དང་། དཔེ་མཛོད། འགྲེམས་སྟོན་ཁང་སོགས་ཀྱང་གསར་བཞེངས་ཞུ་འཆར་ཡོད་ཅིང་། རྒྱ་གར་གྱི་སྲིད་བློན་Modiམཆོག་དེ་སྔ་Gujaratམངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཡིན་སྟབས། སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་བཞེངས་རྒྱུ་དེ་ནི་ཁོང་གིས་གཅེས་འཛིན་གནང་རྒྱུའི་ལས་གཞི་ཞིག་ཆགས་རྒྱུ་ཡིན་འདུག
Dev ni Mori་ཞེས་པའི་ས་གནས་ལ་དུས་རབས་གསུམ་པའི་སྐབས་སུ་བཞེངས་པའི་དགོན་པ་དང་། མཆོད་རྟེན་གྱི་ཤུལ་ལུས་རྙེད་སོན་བྱུང་བ་མ་ཟད། དེ་ལས་གལ་འགངས་ཆེ་བ་ཞིག་ལ་ལོ་༡༧༠༠་ལྷག་ཕྱིན་པའི་སྒམ་ཆུང་ཞིག་ནང་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་བསྲེལ་ཡང་བརྙེད་སོན་བྱུང་ཡོད་སྐོར་ཁ་ས་ཕྱི་ཚེས་༡༣་ཉིན་The Times of Indiaཞེས་རྒྱ་གར་གྱི་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།