མོ་ལྡི་མཆོག་གིས་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ།

2014-05-24
གློག་འཕྲིན།
མཆན།
Share
པར་བཀོད།
Photo: RFA

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཉེ་ཆར་རྒྱ་གར་གྱི་གྷུ་ཇུ་རཏ་མངའ་སྡེའི་བློན་ཆེན་སྐུ་ཞབས་ ན་རེན་ད་ར་ མོ་ལྡི མཆོག་ལ་རྒྱལ་ཁབ་ཀྱི་སྲིད་བློན་དུ་འོས་འདེམས་བྱུང་གནང་བར་དགའ་བསུའི་འཚམས་འཕྲིན་བསྩལ་གནང་བ་དེར་སྐུ་ཞབས་ མོ་ལྡི་ མཆོག་ནས་༧གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།

ཕྱི་ཟླ་ལྔ་པའི་ཚེས་༡༧ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ མོ་ལྡི་ མཆོག་ལ་བསྩལ་བའི་འཚམས་འཕྲིན་ནང་དུ། རྒྱ་གར་ནི་འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་དང་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ནང་ནས་སྔར་སྲོལ་གྱི་འཚེ་མེད་ཞི་བའི་ལྟ་གྲུབ་གཏིང་གཟབ་ལྡན་པའི་ཧ་ཅང་གི་བརྟན་ལྷིང་གི་རྒྱལ་ཁབ་ཅིག་དང། གནའ་བོའི་ལོ་རྒྱུས་ལྡན་པའི་རྒྱ་གར་གྱི་རྒྱལ་ཁབ་དེའི་ནང་ཆོས་ལུགས་འདྲ་མིན་དང་མི་རིགས་མི་འདྲ་བ། སྐད་ཡིག་མི་འདྲ་བ་རྣམས་འཆམ་མཐུན་མཉམ་གནས་བྱེད་ཡུལ་ཞིག་ཡིན་པར་བརྟེན་ནས། ༧གོང་ས་མཆོག་ནས་ཀྱང་ཐུགས་སྤོབས་ལྡན་པའི་སྒོ་ནས་འཛམ་གླིང་གི་རྒྱལ་ཁབ་གཞན་ཚོས་ངེས་པར་དུ་རྒྱ་གར་ལ་དམིགས་དཔེ་ལྟ་དགོས་པ་ཡང་ཡང་གསུང་གི་ཡོད་། སྐུ་ཞབས་ མོ་ལྡི་ མཆོག་གིས་རྒྱ་གར་གྱི་མངའ་སྡེ་གྷུ་ཇུ་ར་ཏིའི་ནང་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་པའི་རིང་མངའ་སྡེ་དེའི་ནང་ཡར་རྒྱས་དང་དཔལ་ཡོན་ལྡན་པ་ཞིག་འཛུགས་སྐྲུན་གནང་ཡོད་པར་བརྟེན་ནས། ཁྱེད་ཀྱི་དབུ་ཁྲིད་པའི་རྒྱ་གར་རྒྱལ་ཁབ་དེ་བཞིན་མུ་མཐུད་ནས་དར་རྒྱས་དང་ཡར་རྒྱས་གོང་འཕེལ་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཞིང། ༧གོང་ས་མཆོག་གིས་ཀྱང་ཁྱེད་ཀྱིས་མ་འོངས་རྒྱ་གར་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་པའི་རིང་ལ་རྒྱལ་ཁབ་ཡར་རྒྱས་གཏོང་བའི་ལས་དོན་ནང་དཀའ་ཚེགས་མང་པོ་གདོང་ལེན་གནང་དགོས་པའི་བྱ་བ་རྣམས་རྣམ་པར་རྒྱལ་བ་དང་། རྒྱ་གར་མི་དམངས་ཚོའི་རེ་བ་དང་མངོན་འདོད་རྣམས་མངོན་འགྱུར་ཡོང་རྒྱུའི་ཕྱག་ལས་འགེགས་མེད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཚམས་འཕྲིན་བསྩལ་གནང་ཡོད་པར་བརྟེན།

ཉེ་ཆར་རྒྱ་གར་གྱི་སྲིད་བློན་དུ་འོས་འདེམས་བྱུང་བའི་སྐུ་ཞབས་ན་རེན་ད་ར་མོ་ལྡི་མཆོག།

 

སྐུ་ཞབས་ མོ་ལྡི་ མཆོག་གིས་༧གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་ཡོད་ཅིང། ཁོང་གིས་བོད་ཀྱི་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཕྲན་ལ་འཚམས་འཕྲིན་སྩལ་གནང་བ་མ་ཟད། ཕྲན་གྱི་ལས་དོན་ཞུ་སྒོའི་ཐོག་ལ་འགེགས་མེད་ལམ་ལྷོངས་ཡོང་བའི་ཐུགས་སྨོན་སྩལ་གནང་བར་ཕྲན་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པའི་སྐོར་བརྒྱུད་ལམ་ཁག་ཅིག་ཐོག་གནས་ཚུལ་ཐོན་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།