༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་པ།

2023.12.16
༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་པ། ༸གོང་ས་མཆོག་གིས་བྱང་ཆུབ་མཆོད་རྟེན་ཆེན་མོའི་རྟེན་གཙོ་ཐུབ་པའི་དབང་པོའི་སྐུ་བརྙན་ལ་གནས་གཟིགས་མཛད་སྐབས། ༢༠༢༣།༡༢།༡༦ ཉིན།
OHHDL

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་དེ་འདི་ཚེས་ ༡༦ ཉིན་གྱི་ཞོགས་པ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོར་ཆིབས་སྒྱུར་བསྐྱངས་གནང་མཛད་དེ་མཆོད་རྟེན་གྱི་རྟེན་གཙོ་ཐུབ་པའི་དབང་པོའི་སྐུ་བརྙན་ལ་གནས་གཟིགས་མཆོད་འབུལ་དང་སྦྲགས་ཐུགས་སྨོན་མཛད་ཡོད་ཅིང་། གནས་གཟིགས་གྲུབ་མཚམས་སུ་བོད་པའི་གསར་འགོད་པ་རྣམས་ལ་བཀའ་སྩལ་བའི་ནང་། ༸གོང་ས་མཆོག་ནས་དེ་རིང་གནས་ཁྱད་པར་ཅན་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟན་གྱི་དམིགས་རྟེན་གཙོ་བོ་ཐུབ་དབང་སྐུ་བརྙན་ལ་ཐུགས་སྨོན་མཛད་རྒྱུའི་སྐལ་བཟང་གོ་སྐབས་ཐོབ་པར་ཐུགས་དགྱེས་ཚོར་བྱུང་ཞེས་དང་། དེང་སྐབས་ང་ཚོའི་འཛམ་གླིང་གི་ནང་གནམ་གཤིས་འགྱུར་ལྡོག་གྱི་གནས་སྟངས་ཀྱིས་གཙོས་པའི་དཀའ་ངལ་འདྲ་མིན་འཕྲད་བཞིན་ཡོད་དུས་གནས་ཁྱད་པར་ཅན་འདི་ལྟ་བུའི་ནང་ང་ཚོས་ཐུགས་སྨོན་གནང་ན་དཀའ་ངལ་དེ་དག་ལྡོག་རྒྱུར་ནུས་པ་དམིགས་བསལ་ཡོད་དུས་མགོན་པོ་གང་ཉིད་ནས་ཐུགས་སྨོན་མཛད་ཡོད་སྐོར་བཀའ་སྩལ་གནང་མཛད་སོང་།

དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་སྐབས་བྱང་ཆུབ་མཆོད་རྟེན་ཆེན་མོའི་འཛིན་སྐྱོང་གི་ལས་སྣེ་རྣམ་པས་མགོན་པོ་གང་ཉིད་ལ་གུས་བསུའི་སྣེ་ལེན་གྱི་མཇལ་དར་སྒྲོན་འབུལ་ཞུས་གནང་སོང་བ་དང་། བྱང་ཆུབ་མཆོད་རྟེན་གྱི་གཙོ་འཛིན་བྷིག་ཤུ་ཅ་ལིན་དྷ་ལགས་ཀྱིས་གསུངས་ན། བདག་ཅག་གི་སྟོན་པ་སངས་རྒྱས་པའི་གནས་འདིར་ནང་ཆོས་རྗེས་འབྲང་པ་ཚོར་མི་ཚེའི་ནང་ཐེངས་གཅིག་ཡོང་རྒྱུ་འདུན་པ་བཅང་བཞིན་ཡོད་པ་གསུངས་པ་དང་སྦྲགས་ཁོང་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་འདིར་ཡང་ཡང་ཕེབས་ཀྱི་ཡོད་དུས་གནས་འདིའི་ཁོར་ཡུག་བཟང་པོ་ཞིག་ཆགས་ཤིང་མགོན་པོ་གང་ཉིད་ནི་ནང་ཆོས་དར་སྤེལ་གནང་མཁན་ཞིག་ཡིན་པར་བརྟེན་རྒྱལ་ཁབ་ཕྱི་ནང་གང་སར་མཚན་སྙན་ཁྱབ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

In Between.jpg
ཡང་སྐབས་དེར་དད་ལྡན་ཆོས་ཞུ་བ་ཁྱོན་ཆེ་ཞིག་ཕེབས་ལམ་དང་། དེ་བཞིན་མཆོད་རྟེན་གཡས་གཡོན་དུ་༸གོང་ས་མཆོག་ཞལ་མཇལ་གྱི་སྐལ་བཟང་གོ་སྐབས་ཐོབ་ཐབས་སུ་འབད་བརྩོན་གནང་སྟེ་ཞལ་མཇལ་ཐོབ་མཁན་རྣམས་སྐལ་བཟང་གོ་སྐབས་ཤིག་ལ་ངོས་འཛིན་གནང་གི་འདུག

རིང་མིན་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གསུམ་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས། དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤེ་ཡའི་འབྲེལ་མཐུད་ལས་ཁུངས་བཅས་ནས། ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་དབར་དུས་མཐུན་གྱི་འབྲེལ་ཟམ། དེང་གི་འཛམ་གླིང་དུ་ནང་ཆོས་ཀྱི་བགྲོ་གླེང་ཞེས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་དངོས་གྲུབ།  
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎