སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེ་གཞུང་གི་སྒོ་ཕྱུགས་ལས་དོན་བློན་ཆེན་ཝེན་ཀ་ཊེཤ་ལགས་སུ་མཇལ་ཁ་སྩལ་བ།
ཟླ་བ་འདིའི་ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་གདན་ས་བཀྲིས་ལྷུན་པོའི་དགོན་པའི་ནང་དུ། རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེ་གཞུང་གི་སྒོ་ཕྱུགས་ལས་དོན་བློན་ཆེན་ཝེན་ཀ་ཊེཤ་ (K. Venkatesh) ལགས་སུ་མཇལ་ཁ་སྩལ་གནང་ཡོད་པ་དང་། མཇལ་ཁ་གྲུབ་མཚམས་བློན་ཆེན་ཝེན་ཀ་ཊེཤ་ལགས་ནས། ཐེངས་འདིར་ཁོང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར་ཧ་ཅང་དགའ་པོ་བྱུང་ཞེས་དང་། མཇལ་ཁའི་སྐབས་ཁོང་ནས་མགོན་པོ་གང་ཉིད་སྐུ་ཁམས་བཟང་ཞིང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུས་ཡོད་ཅིང་། འདས་པའི་མི་ལོ་ ༦༠ ཙམ་རིང་རྒྱ་གར་དབུས་སའི་གཞུང་ནས་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་ཡོད་སྐོར་སོགས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཐེངས་འདིའི་མཇལ་བཅར་བའི་ཁོངས་སྦེ་ལ་ཀོ་པིའི་ཉེ་འགྲམ་ཀོ་ཌ་གྷུ་ (Kodagu) རྫོང་གི་རྫོང་དཔོན་གཙོས་པའི་རྒྱ་གར་ས་གནས་དཔོན་རིགས་ཁག་གཅིག་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་རེད།
རྩ་བའི་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྦེ་ལ་ཀོ་པི་ལུགས་བསམ་གཞིས་ཁུངས་ཀྱི་བོད་མི་སེར་སྐྱ་དགུང་ལོ་ ༦༠ ནས་ ༦༩ བར་གྱི་བོད་མི་རྣམས་གཙོས་པའི། རྒྱ་གར་བ་དང་ཕྱི་རྒྱལ་ནས་ཕེབས་པའི་བོད་རིགས་དང་ཕྱི་རྒྱལ་བ། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་བཅས་ཁྱོན་ཕྱི་ནང་དད་ལྡན་པ་ ༥༠༠ མ་ཟིན་ཙམ་ལ་མཇལ་ཁ་བཀྲིན་ཆེ་གནང་མཛད་ཡོད་ཅིང་། འདི་ག་རླུང་འཕྲིན་ཁང་ནས་མཇལ་ཁ་གྲུབ་མཚམས་མཇལ་ཁར་བཅར་མཁན་བོད་མི་ཁག་ཅིག་ལ་བཀའ་འདྲི་ཞུས་པར། ཁོང་རྣམས་ནས་ཐེངས་འདིར་༸གོང་ས་མཆོག་གི་ཞལ་མཇལ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་སྦྲགས་མགོན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་སོགས་གནང་གི་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་གདན་ས་བཀྲིས་ལྷུན་པོའི་དགོན་པར། སྐུ་ལྷོད་བཞུགས་མཛད་ཆེད་ཟླ་བ་འདིའི་ཚེས་ ༥ ཉིན་ས་གནས་སུ་༸ཞབས་སོར་འཁོད་གནང་མཛད་ཡོད་ཅིང་། འདི་ཚེས་ ༢༤ བར་བཅས་ཁྱོན་ཉིན་གྲངས་ ༡༩ བཞུགས་ཞགས་མཛད་ཡུན་རིང་། མགོན་པོ་གང་ཉིད་ནས་ཐུགས་བརྩེ་བ་ཆེན་པོས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔའི་ནང་གི་བོད་མི་བགྲེས་སོང་དགུང་ལོ་ ༨༠ ཡན་གཙོ་བོ་གྱུར་བའི་ཕྱི་ནང་དད་ལྡན་པ་རྣམས་མཇལ་ཁ་བཀྲིན་ཆེ་གནང་མཛད་ཡོད་ཅིང་། དེ་རིང་མགོན་པོ་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མང་ཚོགས་མཇལ་ཁ་ཐེངས་བརྒྱད་པའི་སྐབས་འདིར། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔའི་ནང་གི་བོད་མི་དགུང་ལོ་ ༧༠ ནས་ ༧༩ བར་དང་། དགུང་ལོ་ ༦༠ ནས་ ༦༩ བར་གྱི་བོད་མི་རྣམས་ལ་མཇལ་ཁ་སྩལ་བཞིན་ཡོད་པ་རེད།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།