སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱམས་ཆོས་དང་རིགས་ཚོགས་ཀྱི་དགུན་ཆོས་སུ་ཐུགས་ཞིབ་ཆེད་ཆིབས་སྒྱུར།

ཟླ་བ་འདིའི་ཚེས་ ༡༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་སེ་ར་ཆོས་སྒར་དུ་བྱམས་ཆོས་དང་རིགས་ཚོགས་ཀྱི་དགུན་ཆོས་འཚོག་བཞིན་ཡོད་པ་ལྟར། དེ་རིང་གདན་ས་ཆེན་པོ་བཀྲིས་ལྷུན་པོའི་ཆོས་རའི་ནང་དམིགས་བསལ་དམ་བཅའི་ལྷན་ཚོགས་དེར་ཐུགས་ཞིབ་དང་སྦྲགས་བཀའ་སློབ་སྩལ་བའི་ནང་། དགེ་འདུན་འདུས་མང་ནས་རྟགས་གསལ་གཏང་རྒྱུ་དེ་ནི་སེམས་ཀྱི་སྒྲོ་འདོགས་གཅད་རྒྱུ་དང་ཡིད་ཆེས་དང་གདེང་སྤོབས་སྐྱེ་རྒྱུ་སོགས་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་མྱོང་དང་འབྲེལ་ཏེ་ལམ་སྟོན་བཀྲིན་ཆེ་གནང་མཛད་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད། སངས་རྒྱས་ཀྱི་གསུང་ལུང་འདྲེན་བྱེད་པ་ཙམ་མིན་པར་རིགས་པས་བསྒྲུབ་རྒྱུ་དེ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ལམ་སྟོན་གནང་སོང་།

སེར་སྨད་གྲྭ་ཚང་གི་དགེ་བསྐོས་དགེ་བཤེས་དགེ་ལེགས་བསམ་གྲུབ་ལགས་ཀྱིས་གསུངས་དོན་ལ། ཆོས་ཐོག་དེ་ནི་དེ་སྔོན་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་སའི་དགེ་འདུན་པ་རྣམས་ནས་རྒྱ་གཞུང་ལ་ཐུགས་སྣང་སློབ་གཉེར་དགོས་པའི་ལམ་སྟོན་བཀའ་སློབ་གནང་བ་ལྟར། གདན་ས་གྲྭ་ཚང་ཁག་གི་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་མཁན་ལྷ་རམས་འཛིན་གྲྭ་གཉིས་མ་གཏོགས་གཞན་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་མཁན་ཆ་ཚང་བྱམས་ཆོས་དང་རིགས་ཚོགས་ཀྱི་ཆོས་ཐོག་འདིའི་ནང་ལྷན་ཚོགས་དགོས་དུས། ད་ལན་ཆོས་ཐོག་འདི་སེ་ར་ཆོས་སྒར་དུ་འཚོག་བཞིན་པའི་གནས་ཚུལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཁྱེན་རྟོགས་རྗེས་ད་ལན་དམིགས་བསལ་དམ་བཅའ་འདི་བཞིན་གོ་སྒྲིག་གནང་བ་ཞིག་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་གདན་ས་གྲྭ་ཚང་གི་མཁན་ལས་ཟུར་དང་དགེ་འདུན་འདུས་མང་ལྷན་ཞུགས་ཐོག བྱམས་ཆོས་དང་རིགས་ཚོགས་ཀྱི་ཆོས་ཐོག་ཐེངས་དགུ་པའི་ཐོག་རྟགས་གསལ་དང་དམ་བཅའ་བཞུགས་མཁན་དགེ་འདུན་པ་གཉིས་ལ་ཚོར་སྣང་བཀའ་འདྲི་ཞུ་སྐབས། དེ་ནི་བསོད་ནམས་ཀྱི་གོ་སྐལ་ཞིག་ལ་ངོས་འཛིན་གྱིས་དགའ་ཚོར་ཆེན་པོ་བྱུང་བ་སོགས་ཀྱི་ཚོར་སྣང་འགྲེལ་བརྗོད་གནང་ཀྱི་འདུག་ལ། ཐེངས་འདིར་བྱམས་ཆོས་དང་རིགས་ཚོགས་ཀྱི་ཆོས་ཐོག་འདིའི་ཐོག་ལྷན་ཞུགས་གནང་བའི་དགེ་འདུན་འདུས་མང་ལ་གདན་ས་ཆེན་པོ་བཀྲིས་ལྷུན་པོའི་དགོན་པ་ནས་ཞལ་ལག་འདེགས་འབུལ་གནང་ཡོད་པ་རེད།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།