༸སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་གིས་བསྟན་འགྱུར་སློབ་གྲྭ་དང་མོན་ཐུབ་བསྟན་བཤད་སྒྲུབ་གླིང་སློབ་གཉེར་ཁང་གཉིས་དབུ་འབྱེད་རབ་གནས་མཛད་པ།

2022.07.30
༸སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་གིས་བསྟན་འགྱུར་སློབ་གྲྭ་དང་མོན་ཐུབ་བསྟན་བཤད་སྒྲུབ་གླིང་སློབ་གཉེར་ཁང་གཉིས་དབུ་འབྱེད་རབ་གནས་མཛད་པ། ༸སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་གིས་མོན་ཐུབ་བསྟན་བཤད་སྒྲུབ་གླིང་སློབ་གཉེར་ཁང་དུ་བཀའ་སློབ་གནང་བཞིན་པ།
མོན་ཐུབ་བསྟན་བཤད་སྒྲུབ་གླིང་སློབ་གཉེར་ཁང་།

རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཁུལ་དུ་རྟེན་གཞི་བྱས་པའི་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དང་མོན་ཐུབ་བསྟན་བཤད་སྒྲུབ་གླིང་ཚོགས་པ་གཉིས་ནས་སྙན་སེང་གསོལ་འདེབས་ཞུས་དོན་ལྟར།  ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་འདི་ཚེས་༢༧ ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་རྣམ་རྒྱལ་ལྷ་རྩེ་དགོན་དུ་ཞབས་སོར་བཀའ་དྲིན་བསྐྱངས་ཏེ་ཟླ་བ་འདིའི་ཕྱི་ཚེས་ ༢༩ ཉིན་མོན་ཐུབ་བསྟན་བཤད་སྒྲུབ་གླིང་སློབ་གཉེར་ཁང་དང་བསྟན་འགྱུར་སློབ་གྲྭ་གསར་རྒྱག་ལེགས་གྲུབ་ཟིན་པར་དབུ་འབྱེད་རབ་གནས་མཛད་ཡོད་པ་རེད་འདུག དེའི་སྐོར་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པའི་སློབ་དཔོན་ཟུར་པ་ངག་དབང་ནོར་བུ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན།    སློབ་གྲྭ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ད་རེས་འདི་གར་ས་གནས་སུ་ཕྲུ་གུའི་ཤེས་ཡོན་གོང་མཐོར་གཏོང་ཐབས་དང་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་བོད་ཡིག་སློབ་ཁྲིད་ཆེད་དུ་སློབ་གཉེར་ཁང་གསར་རྒྱག་ལེགས་གྲུབ་བྱུང་བར་བསྟན་འགྱུར་རིན་པོ་ཆེ་མཆོག་གི་དབུས་པས་འབྲེལ་ཡོད་ཕྱག་ལས་གནང་མཁན་དང་སྦྱིན་བདག་ཡོང་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མ་འོངས་པར་འབྲེལ་ཡོད་ལས་བྱེད་ཚང་མས་ཐོག་མའི་འཆར་གཞི་དང་དམིགས་ཡུལ་གཞིར་བཟུང་ཕེབས་ཐུབ་ཐབས་སུ་འབད་རྩོན་གནང་རྒྱུ་གལ་ཆེ་ཡིན་སྐོར་དང་རིན་པོ་ཆེ་མཆོག་གིས་ནང་ཆོས་ཀྱི་དོན་ཡོངས་རྗོགས་ཤེས་པ་ལ་བོད་ཡིག་གི་རྨང་གཞི་ངེས་པར་དུ་སྦྱོང་རྒྱུ་གལ་ཆེ་བའི་སྐོར་བཀའ་སློབ་སྩལ་ཡོད་པ་རེད་འདུག

ཐུབ་སྟན་བཤད་སྒྲུབ་གླིང་ཚོགས་པ་དེ་བཞིན་ཕྱི་ལོ་ ༢༠༡༤ ལོར་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རིན་པོ་ཆེ་མཆོག་དང་བསྟན་འགྱུར་རིན་པོ་ཆེ་རྣམ་གཉིས་ཀྱིས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་རྟ་དབང་ཁུལ་གྱི་ས་གནས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་བོད་ཀྱི་སྐད་ཡིག་འབྲི་ཀློག་དང་བོད་སྐད་ཤོད་སྟངས་བཅས་ཀྱི་སློབ་ཁྲིད་གནང་རྒྱུའི་ཆེད་དུ་གསར་འཛུགས་གནང་པ་ཞིག་རེད་འདུག

ཡང་འདི་ཚེས་ ༣༠ ཉིན་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་རྟ་དབང་ཁུལ་གྱི་སློབ་གྲ་ཁག་འདྲ་མིན་ནས་ཕེབས་པའི་སློབ་ཕྲུག་དང་གཞུང་ཞབས་ལས་བྱེད་རྣམས་ལ་དཀའ་རྙོག་ཆེ་བའི་དུས་སྐབས་སུ་བདེ་སྐྱིད་ཇི་ལྟར་སྐྲུན་ཚུལ་ (How to find happiness in troubled times) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་འདུག

unnamed (1).jpg

ཡང་ཟླ་བ་འདིའི་ཕྱི་ཚེས་ ༣༡ དང་ཕྱི་ཟླ་ ༨  ཚེས་ ༡ ཉིན་གཉིས་རིང་དད་ལྡན་མང་ཚོགས་ལ་བཅོམ་ལྡན་འདས་སྨན་བླའི་རྗེས་གནང་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བཀའ་དྲིན་བསྩལ་གནང་མཛད་རྒྱུ་མ་ཟད་བཙུན་དགོན་དང་བུད་མེད་སློབ་གྲྭ་ཞིག་དུ་ཆེད་ཕེབས་ཀྱིས་བླང་དོར་བཀའ་སློབ་དང་ཆོས་འབྲེལ་གྱི་མཛད་ཆར་ཁག་གཅིག་བསྐྱང་གནང་མཛད་རྒྱུ་ཡིན་འདུག

རིན་པོ་ཆེ་མཆོག་ད་རེས་རྟ་དབང་ཁུལ་དུ་ཕེབས་བསུའི་གྲ་སྒྲིག་ཡོངས་རྫོགས་ཨ་རུ་ན་ཅལ་མངའ་སྡེའི་གཞུང་གི་དམིག་གསལ་སྐུ་མགྲོན་གི་ངོ་བོའི་ཐོག་ནས་གདན་ཞུས་གནང་པ་ཞིག་དང་རིན་པོ་ཆེ་མཆོག་གི་ད་རེས་རྟ་དབང་ཁུལ་གྱི་ཆིབས་འགྱུར་དེ་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎