བླང་དོར་དང་འཚེ་མེད་ཞི་བའི་ལྟ་གྲུབ་སྐོར་བཀའ་སློབ་གནང་འདུག


2015.09.22
༸གོང་ས་མཆོག་ནས་དབྱིན་ཡུལ་དུ་བསྐྱངས་པའི་ཉིན་དགུའི་མཛད་འཕྲིན་གྲུབ་ནས་ཨ་རིར་ཆིབས་བསྒྱུར་མཛད་འདུག
དགའ་ལྡན་ཕོ་བྲང་།

༄༅།    །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཚེས་ ༢༡ ཉིན། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་བླང་དོར་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་འདུག འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་གྱི་ཉིན་གྲངས་དགུའི་ཆིབས་བསྒྱུར་སྐབས་ཀྱི་མང་ཚོགས་ཀྱི་མཛད་འཕྲིན་མཐའ་མ་དེ་ཡིན་པ་རེད། མང་ཚོགས་ཀྱི་གསུང་བཤད་འདི་ Lady Mohini Kent Noon སྟེ་རྒྱ་གར་གྱི་མི་རིགས་ཡིན་པ་དབྱིན་ཇིའི་སྒྱུ་རྩལ་བ་གྲགས་ཅན་ཁོང་དང་ཧིན་དྷུ་ཇཱ་ཚོང་པའི་ཁྱིམ་ཚང་ཐོུང་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་གཞི་རྩའི་རང་བཞིན་ནི་སྙིང་ རྗེ་ཅན་ཞིག་ཡིན་པ་དང་། སྙིང་རྗེས་མིའི་མཐུན་སྒྲིལ་གོང་འཕེལ་གཏོང་ཐུབ་པ་བཀའ་གནང་འདུག་ལ། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ང་ཚོ་མི་ལ་གྲོགས་པོ་དགོས་ཀྱི་ཡོད། འོན་ཀྱང་གྲོགས་པོ་ཟེར་བ་དེ་རྒྱུ་དཔལ་འབྱོར་དང་གྲགས་པ། ལུས་ཀྱི་སྟོབས་ཆེ་ཆུང་ལ་རག་ལུས་པ་ཞིག་མིན་པར་ཕན་ཚུན་ཡིད་ཆེས་དང་བྱམས་པ། ཚོར་ཤེས་སོགས་ལ་རག་ལུས་པ་ཞིག་ཡིན་པར་བརྟེན། བྱམས་པ་དང་སེམས་འཁུར་བཅས་ནི་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་འབྱུང་རྒྱུར་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་འདུག ཕྱི་ཚེས་ ༢༡ ཉིན་གྱི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཞུ་བར་བཅར་མཁན་གྱི་ཁོངས་སུ་རྒྱ་གར་བ་འབོར་ཆེན་ཞིག་ཡོད་འདུག་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནའ་རབས་རྒྱ་གར་གྱི་ཨ་ཧིམ་ས་དང་ཆོས་ལུགས་མཉམ་མཐུན་གྱི་སྲོལ་བཟང་ཞིག་ཡོད་པ་དེས། དེང་དུས་ཀྱི་འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་ཞི་བདེའི་ཐོག་ནས་མཉམ་གནས་ཐུབ་པའི་དཔེ་མཚོན་བཟང་པོ་ཞིག་སྟོན་གྱི་ཡོད་སྟབས། དཔེར་ན་དབྱིན་ཡུལ་ནང་ཡོད་པའི་རྒྱ་གར་བའི་མི་རིགས་ཚོར་རྒྱ་གར་གྱི་གནའ་བོའི་སྲོལ་བཟང་རྒྱུན་འཛིན་དར་སྤེལ་གཏོང་རྒྱུར་འོས་འགན་ཡོད་པ་ཞིག་ཀྱང་རེད་ཅེས་བཀའ་གནང་འདུག།
དེ་རིང་ཕྱི་ཚེས་ ༢༢ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་ནས་ཨ་རིར་༧སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ཆིབས་ཐོན་མཛད་འདུག།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎