༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལི་བི་ཡ་རྒྱལ་ཁབ་ནང་ཆུ་ལོག་རྒྱུག་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་ཕོག་པར་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

2023.09.13
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལི་བི་ཡ་རྒྱལ་ཁབ་ནང་ཆུ་ལོག་རྒྱུག་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་ཕོག་པར་ཐུགས་གསོའི་གསུང་འཕྲིན་བསྩལ་བ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ལི་བི་ཡའི་ནང་ཆུ་ལོག་རྒྱུག་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་ཕོག་པར་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་མཛད་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༡༣ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བྱང་ཨཧྥེ་རི་ཀའི་རྒྱལ་ཁབ་ལི་བི་ཡའི་ནང་ཆུ་ལོག་རྒྱུག་སྟེ་མི་གྲངས་ལྔ་སྟོང་ལྷག་འདས་གྲོངས་སུ་ཕྱིན་པ་དང་། མི་གཅིག་ཁྲི་ལྷག་གར་སོང་ཆ་མེད་དུ་གྱུར་བར་མགོན་པོ་གང་ཉིད་ནས་རང་བྱུང་རྐྱེན་ངན་ཚབས་ཆེའི་འོག་འདས་གྲོངས་སུ་གྱུར་མཁན་གྱི་ནང་མི་དང་གནོད་འཚེ་ཕོག་མཁན་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་གནང་འདུག

000_33UM7X9.jpg
དེ་ཡང་གསུང་འཕྲིན་དེའི་ནང་། མགོན་པོ་གང་ཉིད་མཆོག་གིས་རང་བྱུང་རྐྱེན་ངན་ཚབས་ཆེའི་འོག་འདས་གྲོངས་སུ་གྱུར་བའི་སྤུན་ཟླ་ཕོ་མོ་རྣམས་ལ་ཐུགས་སྨོན་དང་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ནང་མི་དང་གནོད་འཚེ་ཕོག་མཁན་ཡོངས་ལ་ཐུགས་གསོ་མཛད་ཡོད་པ་དང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ལི་བི་ཡའི་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ངོས་ནས་གང་ཐུབ་ཀྱི་གནོད་འཚེ་ཕོག་པའི་མི་མང་རྣམས་ལ་ངལ་སེལ་རོགས་རམ་དང་སེམས་འཁུར་རྐྱེན་ངན་ཞི་འཇམ་དུ་གཏོང་བཞིན་པ་ལ་རྗེས་སུ་ཡིད་རང་དང་བསྔགས་བརྗོད་མཛད་ཡོད་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱོབ་པ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
མཐའ་མཇུག་གསུང་འཕྲིན་དེའི་ནང་མགོན་པོ་མཆོག་གིས་ལི་བི་ཡའི་མི་མང་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ། དགའ་ལྡན་ཕོ་བྲང་ཐེབས་རྩ་ནས་ངལ་སེལ་དང་རོགས་རམ་ཆེད་དུ་ཞལ་འདེབས་འབུལ་ཡོད་ཅེས་འཁོད་ཡོད་འདུག

000_33UY9ET.jpg
གསར་འགྱུར་བརྒྱུད་ལམ་ཁག་གིས་ནང་གནས་ཚུལ་ཐོན་གསལ་ལྟར་ན། བྱང་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ལི་བི་ཡའི་ཤར་ཕྱོགས་སུ་རེས་གཟའ་ཉི་མའི་མཚན་མོར་གློ་བུར་དུ་(Daniel) ཆར་རླུང་གིས་རྐྱེན་པས་རྒྱལ་སའི་ནང་ཆུ་ལོག་རྒྱུག་སྟེ་མི་ལྔ་སྟོང་ལྷག་འདས་གྲོངས་སུ་འགྱུར་ཡོད་པ་དང་། དེ་བཞིན་རྒྱལ་སའི་ཉེས་འདབས་སུ་ཡོད་པས་ཆུ་མཛོད་རྡིབ་པའི་རྐྱེན་གྱིས་མི་ཁྲི་གཅིག་ལྷག་གར་སོང་ཆ་མེད་དུ་གྱུར་ནས་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་འཁོད་ཡོད་འདུག ད་རེས་ཀྱི་གནོད་འཚེ་ཚབས་ཆེན་ཕོག་ཡུལ་ས་གནས་དེ་བཞིན་(Derna) ཞེས་པའི་ལི་བི་ཡའི་རྒྱལ་ས་དེ་ཆགས་ཀྱི་ཡོད་པ་རེད་འདུག ཐེངས་འདིའི་ཆུ་ལོག་གིས་རྒྱུ་རྐྱེན་གཙོ་བོ་ནི་(Daniel)ཞེས་པའི་ཆར་རླུང་ནས་བྱུང་པ་ཞིག་དང་ད་རེས་ཀྱིས་རང་བྱུང་རྐྱེན་ངན་ཚབས་ཆེའི་འོག་རྒྱལ་ས་ཁྱོན་ཡོངས་ནང་གི་ཁང་པ་རྒྱ་ཆ་ ༢༠ ལྷག་གཏོར་བཤིག་ཕྱིན་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད་པ་དང་ད་རེས་ཀྱི་དོན་རྐྱེན་དེ་ཡང་མོ་རོ་ཁོའི་(Morocco)ནང་ས་ཡོམ་གྱི་རྐྱེན་པས་མི་གྲངས་ ༢༡༠༠༠ ལྷག་འདས་གྲོངས་སུ་གྱུར་པའི་ཉིན་མ་གཅིག་གི་རྗེས་སུ་བྱུང་པ་ཞིག་ཡིན་འདུག
གསར་འགོད་པ། པ་སངས་ཚེ་རིང་།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་འགོ་བཙུགས་པ་དང་བསྟུན་རྡ་རམ་ས་ལར་མི་མང་རེ་འབོད་ཚོགས་པས་མི་མང་རང་བཞིན་གྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎