༧གོང་ས་མཆོག་གིས་དགའ་ལྡན་ཁྲི་ཐོག་༡༠༣པའི་ཆུང་སྲིད་རིན་པོ་ཆེར་མཇལ་ཁ་གནང་།
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་འཁྲུངས་ཞིང་། ད་ཆ་ཨོ་སི་ཁྲི་ར་ལི་ཡའི་ནང་གནས་བཞུགས་དགུང་གྲངས་བཞི་ལ་མ་སོན་ཙམ་གྱི་ཁྱེའུ་བསྟན་འཛིན་འཆི་མེད་རིན་པོ་མཆོག་དགའ་ལྡན་ཁྲི་ཐོག་༡༠༣པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་གནང་། སྤྱི་ཟླ་༢པའི་ཚེས་༣ཉིན་བཞུགས་སྒར་ཕོ་བྲང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆུང་སྲིད་རིན་པོ་ཆེའི་ཡབ་ཡུམ་སྐུ་འཁོར་དང་བཅས་པར་གཟིམ་ཆུང་མཇལ་ཁ་གནང་བ་མ་ཟད། ཆུང་སྲིད་རིན་པོ་ཆེ་མཆོག་གི་དབུ་སྐྲ་གཙུག་ཕུད་བཞེས་ཏེ་༧གོང་ས་མཆོག་གིས་ “རིམ་པས་གདན་ས་ལ་ཕེབས་ནས་སློབ་གཉེར་གནང་དགོས་པ་རེད། ཡིན་ནའང་། ད་ལྟའི་གནས་སྐབས་སུ་བྲེལ་བ་བྱེད་མི་དགོས་པར། དགུང་ལོ་བདུན་བར་དུ་ཡབ་ཡུམ་མཉམ་དུ་བཞུགས་ན་འགྲིག་གི་རེད།” ཅེས་བཀའ་བསྩལ་བར་བརྟེན། བཀའ་གསུང་ཅི་སྒྲུབ་ཀྱིས་གནས་སྐབས་ཕར་ཨོ་སི་ཁྲི་ར་ལི་ཡ་རུ་ཕྱིར་ཕེབས་མཛད་རྒྱུ་དང་། དགུང་ལོ་བདུན་ལ་ཕེབས་མཚམས་ཚུར་རྒྱ་གར་དུ་གདན་འདྲེན་ཞུ་རྒྱུའི་འཆར་གཞི་ཡོད་པ་སོགས། སྐུ་ཐོག་གོང་མའི་ཚ་བོ་དང་ཞབས་ཕྱི་།འབྲས་སྤུངས་བློ་གསལ་གླིང་གི་ཕྱག་མཛོད་དགེ་བཤེས་ལྷ་རམས་པ་བསྟན་འཛིན་དོན་འགྲུབ་ལགས་ནས་འགྲེལ་བརྗོད་གནང་།
ཡང་ཁོང་གིས་མཆོག་སྤྲུལ་རིན་པོ་ཆེར་ངོས་འཛིན་བྱུང་རྗེས་རྒྱ་གར་དུ་གདན་ཞུས་གནང་སྐབས། གནས་མཆོག་རྡོ་རྗེ་གདན་ལ་སོགས་པར་བླ་མ་ཚོ་མཇལ་སྐབས་ཉམ་ཆུང་དེ་ཙམ་གནང་གི་མི་མེད་ཀྱང་ད་ལམ་༧གོང་ས་མཆོག་ལ་མཇལ་དུས་རང་བཞིན་གྱིས་ཕྱག་འཚལ་བ་དང་ཐུགས་ཉམ་ཆུང་གནང་བ་སོགས།སྔོན་དང་མི་འདྲ་བར་བསམ་ཡུལ་ལས་འདས་པའི་དགའ་གུས་ཞུས་གནང་སོང་བ་ནི།དགའ་ཚོར་སྐྱེ་དགོས་པ་ཞིག་དང་། ༧གོང་ས་མཆོག་གིས་སྐུ་གོང་མ་དེ་་བསམ་གྱིས་མི་ཁྱབ་པ། དཔེ་མི་སྲིད་པའི་ཡག་པོ་ཡོད་ཅེས་ལན་ཁ་ཤས་གསུང་སྟེ་ཐུགས་སྨོན་གང་འཚམ་གནང་སོང་བ་སོགས་ངོ་སྤྲོད་གནང་གི་འདུག
དགའ་ལྡན་ཁྲི་ཐོག་༡༠༣པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་ནི། སྤྱི་ལོ་༡༩༣༧ལོར་མདོ་ཁམས་བདེ་ཆེན་དུ་སྐུ་འཁྲུངས་ཏེ།འབྲས་སྤུངས་བློ་གསལ་གླིང་གི་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་རིམ་པས་དགའ་ལྡན་ཁྲི་པ་ལ་ཕེབས་ཡོད། སྤྱི་ལོ་༢༠༡༧ལོར་དགུང་ལོ་༨༠ཕེབས་ཏེ་རྒྱ་གར་དུ་དགོངས་པ་རྫོགས་འདུག ཁོང་གི་ཡང་སྲིད་བསྟན་འཛིན་འཆི་མེད་རིན་པོ་མཆོག་ནི། ཡབ་ཐུབ་བསྟན་བརྩོན་འགྲུས་དང་ཡུམ་ཚེ་རིང་སྒྲོལ་དཀར་གཉིས་ཀྱི་སྲས་སུ་རྒྱ་གར་ལྷོ་ཕྱོགས་སུ་འཁྲུངས་པ་ཡབ་ཡུམ་གཉིས་ཀ་བོད་ནས་ཕེབས་པ་ཡིན་མོད། ཨོ་སི་ཁྲི་ར་ལི་ཡའི་ནང་སྔ་མོ་གནས་སྤོས་གནང་གྲུབ་ཡོད་པར་བརྟེན། ད་ཆ་ཆུང་སྲིད་རིན་པོ་ཆེ་མཆོག་མུ་མཐུད་ཨོ་སི་ཁྲི་ར་ལི་ཡའི་ནང་བཞུགས་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།