༧གོང་ས་མཆོག་གིས་དབྱིན་ཡུལ་དུ་ཆིབས་བསྒྱུར་མཛད་འཕྲིན་སྐོར།
2012.06.21
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་ཉིན་གྲངས་བརྒྱད་རིང་བཀྲིན་ཆིབས་བསྒྱུར་གྱི་མཛད་འཕྲིན་དུ་མ་བསྐྱངས་གནང་མཛད་བཞིན་པ་ཡོད་དང་ དེ་རིང་ཚེས་༢༡ཉིན་༸གོང་ས་མཆོག་གིས་ཆིབས་བསྒྱུར་གྱི་ཉིན་མཐའ་མར་ དབྱིལ་ཡུལ་གྱི་ཨེལ་ཌར་ཤོཏ་ས་གནས་ཀྱི་ཧེམ་ཤ་ཡར་གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོའི་ཐང་ཆེན་དུ་མང་ཚོགས་ལ་བཀའ་སློབ་གསུངས་བཤད་སྩལ་རྒྱུ་ཡིན་འདུག་༎
དབྱིན་ཇིའི་སྦི་སྦི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན་ཨེལ་ཌར་ཤོཏ་རྩེད་ཐང་དུ་གོང་ས་མཆོག་གིས་གསུང་བཤད་གནང་རྒྱུའི་མཛད་རིམ་འདི་བཞིན་ དབྱིན་ཡུལ་གྱི་སུའུ་རེ་ས་གནས་ཀྱི་ཀེམ་སྦར་ལི་གྲོང་ཁྱེར་རུ་རྟེན་གཞི་བྱས་པའི་དབྱིན་ཡུལ་ནང་པའི་ཆོས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་ཡོད་འདུག་པ་དང་ རྩེད་ཐང་དེའི་ནང་མང་ཚོགས་༧༠༠༠བརྒལ་བར་གོང་ས་མཆོག་ནས་ དབྱིན་སྐད་ཐོག་གསུང་བཤད་བསྩལ་གནང་མཛད་རྒྱུ་ཡིན་པ་རེད་
ད་རེས་གོང་ས་མཆོག་གི་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊན་དུ་ཆིབས་བསྒྱུར་གྱི་ཉིན་མཐའ་མའི་མཛད་འཕྲིན་ནང་ ཚེས་༢༡ཉིན་ London School Of Economics་ཞེས་དཔལ་འབྱོར་ཚན་རིག་གི་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་བཟོད་བསྲན་སྐོར་བཀའ་སློབ་སྩལ་ཡོད་པ་དང་ དེ་རྗེས་སྙན་གྲཌ་ཆེ་བའི་ཡི་ཤུའི་ཆོས་ཁང་ལྦེསི་མིནསི་ཀྲར་ཨེ་སྦི་དུ་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་ཁག་ཅིག་དང་ལྷན་ཆོས་ལུགས་མཐུན་སྒྲིལ་ཆེད་སྨོན་ལམ་གསུང་འདོན་དང་བཀའ་སློབ་སྩལ་ཡོད་པ་རེད་ལ་ དེ་ནས་དབྱིན་ཇིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཇོན་སྦར་ཀོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་སྟོན་འབུལ་ལམ་ཞུས་ཡོད་འདུག་ དེ་དང་དེ་བཞིན་ཉིན་དེ་རང་ དབྱིན་ཇིའི་གྲོས་ཚོགས་ཀྱི་ཟ་འབྲུ་དང་བདེ་འཇགས་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ གོང་ས་མཆོག་གིས་ དབྱིན་ཇིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་གནང་མཛད་ ཕྱོགས་མཚུངས་ཉིན་དེར་༧གོང་ས་མཆོག་དང་དབྱིན་ཇིའི་རྒྱལ་སྲས་ཆའལ་སེ་མཆོག་དང་ཁོང་གི་སྐུ་ཟླ་ལྕམ་ཁེ་མི་ལ་མཆོག་རྣམ་གཉིས་མཇལ་འཕྲད་མཛད་ཡོད་ དབྱིན་ཡུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ ༧གོང་ས་མཆོག་སི་ཀོཏ་ལེནདྲ་དུ་ཆིབས་ཞལ་བསྒྱུར་ཏེ་ ཕྱི་ཚེས་ ༢༢ ཉིན་ཁུལ་དེའི་རྒྱལ་ས་ཨེ་ཌིན་སྦག་ཏུ་ཨ་ཤར་ཞེས་པའི་ཚོགས་ཁང་དུ་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་བཟང་སྤྱོད་སྐོར་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས་གནས་ཚུལ་ནང་གསལ་འདུག་༎