༧གོང་ས་མཆོག་ཟླ་བཅུ་པའི་ནང་ཨ་རིར་ཆིབས་སྒྱུར།
2012.06.25
༄༅༎རིང་མིན་ཕྱི་ཟླ་༡༠པའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཀ་ནེ་ཀྲི་ཀཏ་(connecticut)མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོར་ཆིབས་བསྒྱུར་གྱིས་ཕྱི་ཚེས་༡༨ཉིན་སྙིང་རྗེའི་སྐོར་དང༌། ཕྱི་ཚེས་༡༩ཉིན་ ཉིན་རེའི་འཚོ་བ་སྐྱེལ་བཏང་སྐོར་བཀའ་སློབ་ཁག་གཉིས་སྩལ་གནང་མཛད་ཀྱི་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་བཤད་ཀྱི་ལག་འཁྱེར་བགོས་འགྲེམས་དྲང་པོ་ཡོང་ཐབས་སུ་དྲ་རྒྱའི་ཐོག་ནས་ཚོང་བསྒྱུར་གནང་རྒྱུ་མིན་པ་དང༌། ལག་འཁྱེར་གཟིགས་འདོད་ཡོད་མཁན་ཚོས་www.wcsu.edu/tickets ཞེས་པའི་དྲ་རྒྱའི་ཐོག་ཟླ་བ་འདིའི་ཚེས་༢༥སྔ་དྲོ་ཆུ་ཚོད་༡༠པ་ནས་སྙན་ཞུ་ལེན་ཡག་འགོ་འཛུགས་གནང་གི་ཡོད་པ་དང༌། དེ་ནས་སྙན་ཞུ་ཚང་མ་འབྱོར་ཟིན་མཚམས་རྒྱན་ཤོག་གཡུག་ནས་མིང་འདེམས་སྒྲུག་གནང་སྟེ་རིམ་པས་མིང་གཞུང་གསལ་བསྒྲགས་གནང་རྗེས་ཕྱི་ཟླ་༧ཚེས་༡༥པའི་གོང་ཕྱག་འཁྱེར་མངགས་་ཉོ་གནང་ཟིན་པ་དགོས་ཀྱི་འདུག། ཕྱག་འཁྱེར་གྱི་རིན་པ་ནི་ཨ་རིའི་ཌོ་ལར་༢༠ནས་༢༠༠བར་རེད་འདུག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ནུབ་ཕྱོགས་ཀ་ནེ་ཀྲི་ཀཏ་གཙུག་ལག་སློབ་གྲྭ་ཆེན་མོར་ཆིབས་བསྒྱུར་གྱི་མཛད་འཆར་དེ་གོ་སྒྲིག་ཞུ་མཁན་མདོ་སྔགས་ཀུན་ཕན་གླིང་ཆོས་ཚོགས་ཡིན་པ་དང༌། ཆོས་ཚོགས་དེའི་དབུ་ཞུགས་བླ་མ་རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་བློ་བཟང་བྱམས་པ་མཆོག་ཡིན་པ་དང༌། ཆོས་ཚོགས་དེས་འཛམ་གླིང་ཞི་བདེར་འཁོད་ཐབས་སུ་ནང་ཆོས་སློབ་འཁྲིད་གནང་གི་ཡོད་པ་རེད། དུས་རྒྱུན་དུ་ནས་དྲ་རྒྱའི་བརྒྱུད་ལམ་དང་ཆོས་ཚོགས་བཅས་ཁག་གཉིས་ཀར་ནང་ཆོས་དང་སྒོམ་གྲུབ་ཉམས་ལེན་སོགས་ཀྱིས་སྐོར་འཛིན་གྲྭ་འཁྲིད་གནང་གི་ཡོད་པ་རེད།