ཧོང་ཀོང་གི་དམངས་གཙོ་དོན་གཉེར་བར་ཁྲིམས་ཆད།

2016-05-30
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་གི་ཆབ་སྲིད་དོན་གཉེར་བ་Ken Tsang་ཉེན་རྟོག་པས་ཁྲིད་བཞིན་པ། ༢༠༡༤།༡༠།༡༥
ཧོང་ཀོང་གི་ཆབ་སྲིད་དོན་གཉེར་བ་Ken Tsang་ཉེན་རྟོག་པས་ཁྲིད་བཞིན་པ། ༢༠༡༤།༡༠།༡༥
AFP

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཞིག་ལ་བདུན་ཕྲག་ལྔའི་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད་པ་རེད།
དེ་ཡང་དེ་སྔ་ཕྱི་ལོ་༢༠༡༤་ལོར་ཧོང་ཀོང་ནང་། Umbrella Revolution་འམ་ཉི་གདུགས་སྒེར་ལངས་ཞེས་པའི་མང་གཙོ་ཚད་དང་ལྡན་པ་ཞིག་དགོས་པའི་དགོས་འདུན་བཏོན་ནས་མང་ཚོགས་དང་། ལྷག་པར་དུ་གཞོན་སྐྱེས་སྟོང་ཕྲག་མང་པོས་ཁྲོམ་གཞུང་ནང་སྒེར་ལངས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་དང་། དེའི་སྐབས་སུ་མང་གཙོ་དོན་གཉེར་བ་དང་ལས་འགུལ་སྣེ་འཁྲིད་པ་མང་པོ་ཞིག་གི་ཐོག་ཉེན་རྟོག་མི་སྣས་བསུན་གཙེར་དང་ཉེས་རྡུང་བཏང་བའི་གནས་ཚུལ་བྱུང་ཡོད་པ་དང་། ཡང་ཁག་ཅིག་ལ་ཉེན་རྟོག་པར་གདོང་ལེན་བྱས་པའི་རིགས་ཀྱི་ཉེས་བཙུགས་ཕོག་ཡོད་པའི་ཁོངས་སུ་ཆབ་སྲིད་དོན་གཉེར་བ་Ken Tsang་ཞེས་པའི་ཐོག་ཉེན་རྟོག་པར་ཚུར་རྒོལ་བྱས་པའི་ཉེས་མིང་འོག་ཁྲིམས་བཤེར་བྱས་པ་བརྒྱུད། ཚེས༣༠ཉིན་ཁྲིམས་ཁང་ནས་ཁོ་པར་ཟླ་བ་ལྔའི་རིང་བཙོན་བཅུག་ཉེས་ཆད་བཏང་འདུག
ཁྲིམས་ཆད་བཏང་བའི་སྐབས་ཁྲིམས་དཔོན་གྱིས། ད་བར་ཁོ་ནས་འགྱོད་ཤག་གི་རྣམ་འགྱུར་རྩ་བ་ནས་བཏོན་གྱི་མི་འདུག དེ་འདྲ་ཡིན་དུས་ཐབས་ཤེས་ཡག་ཤོས་དེ་བཙོན་ཁང་ནང་བཅུག་རྒྱུ་དེ་རེད་ལ་དེ་ནི་འོས་ཤིང་འཚམས་པ་ཞིག་ཀྱང་མཐོང་གི་འདུག་ཅེས་གསུངས་ནས་ཁྲིམས་ཐག་བཅད་ཡོད་པ་རེད། འོན་ཀྱང་ཀེན་ཚའེས། ང་ཚོས་མུ་མཐུད་ནས་འཐབ་རྩོད་བྱེད་ཀྱི་ཡིན་ལ་བསྐྱར་དུ་ཞུ་གཏུགས་བྱེད་ཀྱི་ཡིན་ཞེས་གསུངས་ནས་གང་ལྟར་ད་རེས་ཁག་ཐེག་གི་ཐོག་ནས་སླར་ཡང་ཁྲིམས་གཏུགས་བྱེད་རྒྱུར་འབོད་སྐུལ་ཞུས་འདུག  གོང་དུ་ཞུས་པའི་ཀེན་ཚའེ་ནི་ཉེ་ཆར་གསར་དུ་བཙུགས་པའི་Civic Partyཞེས་མང་གཙོ་དོན་གཉེར་བའི་ཚོགས་པའི་ཚོགས་མི་ཡིན་པ་དང་། ད་རེས་ཁོང་ལ་ཁྲིམས་ཆད་འགེལ་བའི་སྐབས་རྒྱབ་སྐྱོར་བྱེད་མཁན་མི་མང་ཚོས་ངོ་རྒོལ་སྐད་འབོད་རྒྱབ་ཡོད་འདུག དེ་སྔ་ཕྱི་ལོ་༢༠༡༤་ལོར་ལས་འགུལ་སྤེལ་བའི་སྐབས་གོང་ཞུས་ཉེས་ཆད་ཕོག་པའི་མང་གཙོ་དོན་གཉེར་བ་ཚའེ་ལ་ཉེན་རྟོག་པ་འགའ་ཤས་ནས་ཉེས་རྡུང་བཏང་བའི་གནས་ཚུལ་དངོས་སུ་བརྙན་པར་ཐོག་ནས་ཁྱབ་ཆེན་པོ་བྱུང་ཡོད་ཀྱང་། དེའི་ཐོག་ད་ལྟ་དམིགས་བསལ་ཉེན་རྟོག་པ་ཚོའི་ཐོག་ཁྲིམས་ཐག་གང་ཡང་བཅད་མེད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།