ཧོང་ཀོང་ནང་མི་མང་འབུམ་གཉིས་ལྷག་གིས་ངོ་རྒོལ་དང་མི་དྲུག་འཛིན་བཟུང་།
2019.07.08
ཧོང་ཀོང་ནང་མི་མང་འབུམ་གཉིས་ལྷག་གིས་གཞུང་གི་ཁྲིམས་འཆར་ལ་ངོ་རྒོལ་བྱས་སྐབས་ཉེན་རྟོག་པ་དང་གདོང་ཐུག་བྱུང་ནས་མི་དྲུག་འཛིན་བཟུང་བྱས་འདུག
ཧོང་ཀོང་གི་ཚོང་གི་བསྟི་གནས་(Mong Kok)་ཁུལ་དུ་རེས་གཟའ་ཉི་མའི་མཚན་མོར་མི་མང་སྟོང་ཕྲག་མང་པོ་དུས་གཅིག་ལ་འདུ་འཛོམས་བྱས་ནས་ཧོང་ཀོང་གཞུང་གིས་ཉེས་ཅན་མི་སྣ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་འཆར་ལ་ངོ་རྒོལ་བྱ་སྐབས་ངོ་རྒོལ་བ་དང་ཉེན་རྟོག་པའི་དབར་གདོང་ཐུག་བྱུང་ནས་ངོ་རྒོལ་བྱ་མཁན་མི་དྲུག་ཙམ་འཛིན་བཟུང་བྱས་འདུག
དེ་ཡང་རེས་གཟའ་ཉི་མའི་ཉིན་(Kowloon)་ས་ཁུལ་དུ་ཧོང་ཀོང་གཞུང་ལ་ངོ་རྒོལ་བྱ་མཁན་མི་མང་འབུམ་གཉིས་དང་ཁྲི་གསུམ་ཙམ་འདུ་འཛོམས་ཀྱིས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ངོ་རྒོལ་བ་མང་པོ་ཞིག་གིས་(Mong kok)་སྲང་ལམ་བཙན་བཟུང་བྱས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཉེན་རྟོག་པ་དང་ངོ་རྒོལ་བའི་དབར་གདོང་ཐུག་རྒོལ་འཛིངས་ཤོར་བ་ཞིག་ཡིན་འདུག
ཉེན་རྟོག་པས་ངོ་རྒོལ་བར་ཁྲིམས་འགལ་གྱི་འདུ་འཛོམས་བྱེད་ཀྱི་ཡོད་པའི་ཉེན་བརྡ་བཏང་ཡོད་པ་དང་། འགེབས་སྲུང་ཀྱི་ཡོ་ཆས་ཐོག་པའི་ཉེན་རྟོག་པས་ངོ་རྒོལ་བྱ་མཁན་ཁག་ཅིག་རྗེས་དེད་བཏང་ནས་འཛིན་བཟུང་བྱས་འདུག ཚེས་༨ཉིན་གྱི་ཐོ་རེངས་ཉེན་རྟོག་པས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ཉེན་རྟོག་པར་རྒོལ་འཛིངས་བྱ་མཁན་མི་དྲུག་འཛིན་བཟུང་བྱས་ཡོད་པ་དང་། ཁོང་རྣམས་ནི་ལོ་ན་ཉི་ཤུ་ནས་དྲུག་བཅུ་རེ་དྲུག་ལ་སོན་པའི་སྐྱེས་པ་བཞི་དང་བེུད་གཉིས་ཡིན་ལུགས་འཁོད་འདུག དེའི་ནང་ནས་མི་གཅིག་ལ་ངོ་སྤྲོད་ལག་ཁྱེར་མེད་པའི་ཆ་ནས་འཛིན་བཟུང་བྱས་པ་དང་། གཞན་ལྔ་ནི་(Mong kok)་སྲང་ལམ་ནང་ཉེན་རྟོག་པར་རྒོལ་འཛིངས་བྱས་པ་དང་། ལས་འགན་བསྒྲུབ་རྒྱུར་འགོག་རྐྱེན་བཟོས་པའི་ཉེས་འཛུགས་བྱས་ནས་འཛིན་བཟུང་བྱས་པ་ཞིག་ཡིན་འདུག
ཉེན་རྟོག་པས་རེས་གཟའ་ཉི་མའི་ནམ་ཕྱེད་ཙམ་ལ་ངོ་རྒོལ་བྱ་མཁན་གྱི་ལག་ནས་(Mong kok)་སྲང་ལམ་ཕྱིར་ལེན་ཐུབ་པ་བྱུང་འདུག་ཀྱང་ད་དུང་མི་མང་མང་པོ་ཞིག་སྲང་ལམ་དེའི་གཡས་གཡོན་ས་ཁུལ་དུ་འདུ་འཛོམས་བྱས་ནས་བསྡད་ཡོད་འདུག
ཚེས་༧་ཉིན་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་དམངས་གཙོར་རྒྱབ་སྐྱོར་བྱ་མཁན་གྲོས་ཚོགས་ཀྱི་འཐུས་མི་གསུམ་ནས་ཉེན་རྟོག་པས་ངོ་རྒོལ་བྱ་མཁན་ཚོར་ཚད་ལས་འགལ་བའི་ནུས་ཤུགས་བེད་སྤྱོད་བྱེད་ཀྱི་ཡོད་མེད་བལྟ་ཞིབ་བྱ་ཆེད་ཁུལ་དེར་ཕེབས་ཡོད་འདུག
རེས་གཟའ་ཟླ་བའི་སྔ་དྲོ་ཧོང་ཀོང་གཞུང་གི་མགྲིན་ཚབ་པས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་ རེས་གཟའ་ཉི་མའི་ཉིན། ངོ་རྒོལ་བས་(Mong kok)་ས་ཁུལ་བཙན་བཟུང་བྱས་ནས་འགྲོ་ལམ་བཀག་པ་དང་། ཚོང་ལ་དོ་ཕོག་བཏང་ནས་སྟབས་མི་བདེ་བ་བཟོས་པ་དེར་བློ་ཕམ་ཡོད་ཅེས་བརྗོད་འདུག