དབྱིན་ཇིའི་དོན་གཅོད་ཁང་གི་ལས་བྱེད་ཅིག་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ཡོད་པ་ངོས་ལེན།


2019.08.21
ཧོང་ཀོང་ནང་ལས་འགུལ་བ་ཞིག་གིས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་དབྱིན་ཇིའི་དོན་གཅོད་ཁང་གི་ལས་བྱེད་སྐུ་ཞབས་སེ་མོན་ཁྲིན་(Simon Cheng)་སྐུ་པར་བཟུང་ནས་ཡོད་པ། ༢༠༡༩།༨།༢༡ ཧོང་ཀོང་ནང་ལས་འགུལ་བ་ཞིག་གིས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་དབྱིན་ཇིའི་དོན་གཅོད་ཁང་གི་ལས་བྱེད་སྐུ་ཞབས་སེ་མོན་ཁྲིན་(Simon Cheng)་སྐུ་པར་བཟུང་ནས་ཡོད་པ། ༢༠༡༩།༨།༢༡
AFP

ཧོང་ཀོང་ནང་ཡོད་པའི་དབྱིན་ཇིའི་དོན་གཅོད་ཁང་གི་ལས་བྱེད་ཅིག་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ཡོད་པ་ངོས་ལེན་བྱས་འདུག
ཧོང་ཀོང་ནང་ཡོད་པའི་དབྱིན་ཇིའི་དོན་གཅོད་ཁང་གི་ལས་བྱེད་སྐུ་ཞབས་སེ་མོན་ཁྲིན་(Simon Cheng)་ཟླ་བ་འདིའི་ཟླ་སྟོད་ཙམ་ནས་གར་སོང་ཆ་མེད་དུ་གྱུར་བའི་རྗེས། ཕྱི་ཚེས་༢༡་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་ཧོང་ཀོང་ནང་ཡོད་པའི་དབྱིན་ཇིའི་དོན་གཅོད་ལས་ཁང་གི་ལས་བྱེད་དེས་བདེ་འཇགས་དོ་དམ་སྒྲིག་གཞི་དང་འགལ་བའི་རྐྱེན་གྱིས་ཧྲན་ཀྲན་ཉེན་རྟོག་པས་དུས་ཡུན་ཉིན་གྲངས་༡༥་རིང་བཀག་ཉར་བྱ་རྒྱུའི་ཉེས་ཆད་བཅད་ཡོད་ལུགས་བཤད་ཡོད་པ་རེད། ཡིན་ནའི་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་གང་ཧྲོང་གིས་དབྱིན་ཇིའི་དོན་གཅོད་ལས་ཁང་གི་ལས་བྱེད་དེས་ཁྲིམས་ལུགས་དང་འགལ་བའི་ནག་ཉེས་ག་རེ་བསགས་མིན་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མེད་པ་དང་། གང་ཧྲོང་གིས་དབྱིན་ཇིའི་དོན་གཅོད་ལས་ཁང་གི་ལས་བྱེད་དེ་བཞིན་ཧོང་ཀོང་གི་མི་སེར་ཡིན་པ་དང་། ཁོ་པའི་གནད་དོན་དེ་བཞིན་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཡིན་ལུགས་ནན་བརྗོད་བྱས་ཡོད་པ་རེད།
ཧོང་ཀོང་ནང་ཡོད་པའི་དབྱིན་ཇིའི་སྐུ་ཚབ་ལས་ཁང་གི་ལས་བྱེད་(Simon Cheng)་ཀྱི་ནང་མིས་ཕྱི་ཚེས་༢༡་ཉིན། ཕྱི་ཟླ་བརྒྱད་པའི་ཚེས་༨ཉིན་(Simon Cheng)་ལས་དོན་ཆེད་ཉིན་གཅིག་རིང་རྒྱ་ནག་གི་ཧྲན་ཀྲན་གྲོང་ཁྱེར་དུ་ཕྱིན་ནས་དགོང་མོ་ཧྲན་ཀྲན་ནས་ཧོང་ཀོང་ནང་མེ་འཁོར་བསྡད་ཏེ་ཕྱིར་ལོག་བྱེད་པའི་སྐབས། ཁོང་གི་གྲོགས་མོར་འགག་སྒོ་བརྒལ་བཞིན་པའི་སྐོར་དྲ་རྒྱའི་ཐོག་ནས་ལན་བཏང་ཡོད་པ་དང་། དེའི་རྗེས་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད། ནང་མི་ཚོས་ཧོང་ཀོང་འགག་སྒོ་ལས་ཁང་དུ་གནས་ཚུལ་འདྲི་རྩད་བྱེད་སྐབས་(Simon Cheng)་རྒྱ་ནག་ཉེན་རྟོག་པས་བཀག་ཉར་བྱས་པའི་སྐོར་བརྗོད་ཡོད་པ་རེད། ཡིན་ཡང་ད་བར་རྒྱ་ནག་ཉེན་རྟོག་པའི་ཕྱོགས་ནས་ཁོང་བཀག་ཉར་བྱས་པའི་གནས་ཚུལ་སོགས་གང་ཡང་བརྗོད་མཁན་མེད་པའི་ཁར་ཁྲིམས་རྩོད་པ་ཡང་ཁོང་དང་ཐུག་ཐུབ་མེད་པའི་སྐོར་ཕྱི་བསྒྲགས་བྱས་འདུག
ཧོང་ཀོང་ས་གནས་གཞུང་གིས་རྩོད་གཞི་ཆེ་བའི་དོགས་ཡོད་ཉེས་ཅན་པ་རྩིས་སྤྲོད་ཁྲིམས་འཆར་གཏན་འབེབས་བྱ་རྒྱུར་ཧོང་ཀོང་མི་མང་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ནས་བཟུང་། ཧོང་ཀོང་དང་རྒྱ་ནག་ཧྲན་ཀྲན་གྱི་ས་མཚམས་འགག་སྒོ་བརྒྱུད་སྐབས་ཧོང་ཀོང་གི་མི་སེར་ཚོར་རྒྱ་ནག་སྐམ་སའི་ཉེན་རྟོག་པས་བརྟག་དཔྱད་ཧ་ཅང་ནན་པོ་བྱེད་བཞིན་ཡོད་པ་མ་ཟད། ཁོང་ཚོའི་ཁ་པར་ནང་ཧོང་ཀོང་གི་ངོ་རྒོལ་དང་འབྲེལ་བའི་པར་དང་གནས་ཚུལ་རིགས་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
གཟའ་ལྷག་པའི་རྒྱ་ནག་ཕྱི་སྲིད་ལས་ཁང་གི་གསར་འགོད་ལྷན་ཚོགས་ཐོག་མགྲིན་ཚབ་པ་གང་ཧྲོང་གིས། ད་དུང་ཉེ་བའི་ཆར་དབྱིན་ཇི་གཞུང་གིས་ཧོང་ཀོང་གི་གནད་དོན་ཐོག་ཐེ་བྱུས་བྱེད་པའི་སྐད་ཆ་མང་པོ་ཤོད་བཞིན་ཡོད་པར་རྒྱ་ནག་ཕྱོགས་ནས་དབྱིན་ཇི་གཞུང་གིས་འགན་ལེན་མེད་པའི་སྐད་ཆ་དེ་རིགས་ཤོད་རྒྱུ་དང་། ཧོང་ཀོང་དང་རྒྱ་ནག་གི་ནང་སྲིད་ལས་དོན་ཐད་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་ཐེངས་མང་བཏོན་ཡོད་པས་དབྱིན་ཇི་གཞུང་གིས་རྒྱ་ནག་གི་ལངས་ཕྱོགས་གསལ་པོ་ཤེས་ཀྱི་ཡོད་པ་རེད་སོགས་བརྗོད་ཡོད་འདུག   

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎