རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཉི་ཧོང་ནང་བོད་མི་སོགས་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་བསུན་གཙེར་བྱེད་བཞིན་ཡོད་པ་ཐེར་འདོན་བྱས་འདུག

* གནས་ཚུལ་ཁ་སྣོན་བྱས་ཡོད། ༢༠༢༤།༡༠།༡༡
རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཉི་ཧོང་ནང་དུ་གནས་སྡོད་བྱེད་མཁན་བོད་མི་དང་། ཡུ་གུར། རྒྱ་མི་རིགས་སོགས་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ལས་འགུལ་སྤེལ་མཁན་ཚོར་ཚོར་བསུན་གཙེར་དང་བརྙས་བཅོས་བྱེད་བཞིན་ཡོད་པ་ཐེར་འདོན་བྱས་འདུག
དེ་ཡང་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ ༢༠༢༤ ཟླ་ ༡༠ ཚེས་ ༩ ཉིན་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། འདི་ལོའི་ཕྱི་ཟླ་ ༦ ནས་ ༨ བར་ཉི་ཧོང་ནང་དུ་གནས་སྡོད་བྱེད་མཁན་བོད་མི་དང་། ཤིན་ཅང་ཡུ་གུར་བ། ནང་སོག་གི་སོག་རིགས། ཧོང་ཀོང་བ། རྒྱ་ནག་སྐམ་སའི་རྒྱ་རིགས་བཅས་མི་གྲངས་ ༢༥ ལ་བཅར་འདྲི་དང་ཞིབ་འཇུག་བྱས་བའི་ཁོངས་སུ་བོད་ཀྱི་རིག་གཞུང་དར་སྤེལ་གཏོང་མཁན་དང་། ཤིན་ཅང་ནང་དུ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་ནག་ཉེས་ཚབས་ཆེན་བསག་པའི་ཐད་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་མཁན། ནང་སོག་ནས་ཡིན་པའི་ལས་འགུལ་བས་བརྩམས་པའི་དཔེ་དེབ་ཅིག་ལ་གྲོས་བསྡུར་གྱི་ལས་འགུལ་སྤེལ་མཁན་བཅས་ཚུད་པའི་མི་སྣ་འདི་དག་ཚང་མ་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་འགལ་བྱེད་མཁན་དང་། དམར་ཤོག་ཚོགས་པས་རྒྱ་ནག་དབང་སྒྱུར་བྱས་པར་ཞི་བའི་ཐོག་ནས་ངོ་རྒོལ་བྱེད་མཁན་ཤ་སྟག་ཡིན་འདུག
བཅར་འདྲི་ཞུ་ཡུལ་འདི་དག་གི་ཁོངས་ནས་མང་པོ་ཞིག་གིས། རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁོང་ཚོའི་ཕ་ཡུལ་དུ་ཡོད་པའི་གཉེན་ཉེ་ཚོར་འབྲེལ་བ་བྱས་ཏེ་བསུན་པོ་བཟོས་བ་དང་། ཉི་ཧོང་ནང་དུ་སྤེལ་བའི་ལས་འགུལ་ལ་འགོག་རྐྱེན་བཟོ་ཐབས་བྱས་པ་དང་། ཁག་ཅིག་ལ་ཉི་ཧོང་དུ་ཉེ་འབྲེལ་གཞན་སུ་ཡོད་མེད་སོགས་འདྲི་ཞིབ་དང་བསུན་གཙེར། བརྙས་བཅོས་བྱས་བའི་གནས་ཚུལ་ཡང་ཡང་བྱུང་ཡོད་པ་སྙན་ཐོ་དེའི་ནང་ཐེར་འདོན་བྱས་འདུག
དེའི་ཐད་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨྱར་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་དེང་སྐབས་བོད་དང་། ཤར་ཏུར་ཀེ་སི་ཐན། ལྷོ་སོག་པོ་བཅས་ཀྱི་ཁུལ་ཙམ་མ་ཟད། རྒྱལ་མཚམས་བརྒལ་ནས་ཕྱིའི་རྒྱལ་ཁབ་ཁག་ནང་གི་བོད་མི་དང་། ཡུ་གུར། རྒྱ་མི་རིགས་སོགས་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ལས་འགུལ་སྤེལ་མཁན་ཚོར་ཚོར་བསུན་གཙེར་དང་བརྙས་བཅོས་བྱེད་བཞིན་ཡོད་པ་ཡོངས་གྲགས་ཡིན་ལ་ལྟར། ཉི་ཧོང་ནང་གི་བོད་མི་དང་། ཡུ་གུར་བ། ལྷོ་སོག་པོ་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་རང་དབང་ལས་འགུལ་བ་ཚོའི་ལས་འགུལ་ལ་བར་ཆད་བཟོས་བ་དང་། བསུན་གཙེར་དང་བརྙས་བཅོས་སྡིགས་ར་སྐུལ་བ་སོགས་ཀྱི་གནས་ཚུལ་ཡོང་བཞིན་པ་གསུངས་བྱུང་།
ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡ་སྡེ་ཚན་གྱི་ལས་བྱེད་ (Teppei Kasai) ལགས་ཀྱིས། ཉི་ཧོང་ནང་གནས་སྡོད་བྱེད་མཁན་བོད་མིའི་གྲངས་འབོར་ནི་གྲངས་ཉུང་མི་རིགས་ཀྱི་ཚོགས་སྡེ་གཞན་དང་བསྡུར་ན་ཅུང་ཉུང་བ་ཡོད་པ་དང་། དེའི་ཁྲོད་ཀྱི་མང་པོ་ཞིག་ལ་བོད་ནང་དུ་གཉེན་ཉེ་མི་འདུག་པས་ནང་མིར་བསུན་གཙེར་བྱས་བའི་གནས་ཚུལ་ཉུང་བ་ཡོད། ང་ཚོས་བཅར་འདྲི་བྱེད་ས་བོད་མི་དག་ནི་ཉི་ཧོང་ནང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་ཆབ་སྲིད་ཀྱི་གནས་སྟངས་སོགས་ངོ་སྤྲོད་བྱེད་མཁན་ཞིག་རེད། བོད་མི་གཞན་ཞིག་ལ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཕྱིར་བསྐྱོད་ལག་འཁྱེར་བསྐྱར་གསོ་དགོས་ན་བོད་དུ་ཕྱིར་ལོག་དགོས་བ་བཤད་འདུག གལ་སྲིད་ཁོང་བོད་དུ་ལོག་པ་ཡིན་ན་ཕྱིར་ཉི་ཧོང་ལ་ཡོང་མི་ཐུབ་པ་དང་བཀག་ཉར་བྱེད་སྲིད་པའི་གནས་སྟངས་ཡོད་པ་རེད། ང་ཚོས་བཅར་འདྲི་བྱེད་ས་མང་ཆེ་བས་རང་ཉིད་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་ཚོར་གྱི་འདུག དེའི་ཐད་ཉི་ཧོང་གཞུང་ཕྱོགས་ནས་ད་བར་སྲུང་སྐྱོབ་ཀྱི་འགྲོ་སྟངས་གང་ཡང་མེད་པར་བརྟེན་ང་ཚོས་སྙན་ཐོ་བཏོན་པ་བརྒྱུད་ཉི་ཧོང་གཞུང་ཕྱོགས་ནས་མཁྱེན་རྟོགས་དང་སྲུང་སྐྱོབ་ཡོང་ཐབས་ཀྱི་རེ་བ་བྱེད་བཞིན་པ་གསུངས་བྱུང་།
གཞན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཁྲིམས་དོན་ལས་བྱེད་ཕུར་བུ་སྒྲོལ་མ་ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ནས་རྒྱ་ནག་དམར་ཤོག་གི་དྲག་གནོན་འོག་དཀའ་སྡུག་མྱོང་མཁན་གྲངས་ཉུང་མི་རིགས་དང་། ཚོགས་སྡེ་ཁག་མི་སྒེར་བ་བཅས་ལ་མུ་མཐུད་དུ་དྲག་གནོན་བྱེད་བཞིན་པ་རྒྱལ་སྤྱིའི་ནང་གསལ་བོ་རེད་ལ་དེའི་རྐྱེན་པས་བོད་ཀྱི་ཕྱི་ལ་ཡོད་པའི་བོད་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པ་དང་། བོད་ནང་གི་འབྲེལ་ཡོད་བོད་མི་ཚོ་གང་བྱུང་འཛིན་བཟུང་དང་གར་སོང་ཆ་མེད་གྱུར་བའི་གནས་ཚུལ་ཡོང་བཞིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡའི་ལས་འཆར་དོ་དམ་པ་ (Teppei Kasai) ཡིས། རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཁག་ནས་སྐྱོན་བརྗོད་བྱེད་མཁན་ཚོ་སྐྱོན་བརྗོད་བྱེད་མི་འཇུག་པའི་ཆེད་དྭོགས་ཟོན་ཅུང་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག་ལ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོ་དེའི་ནང་། ཉི་འོང་གཞུང་གིས་དོན་རྐྱེན་དེ་འདྲ་བྱུང་སྐབས་ཉི་འོང་གཞུང་ལ་སྙན་སེང་ཞུ་སའི་ཐབས་ལམ་བཟོས་ཏེ་མི་སྒེར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱས་འདུག
འགྲོ་བ་མིའི་ཐོབ་ཐང་ལྷ་ཞིབ་ཚོགས་པས་སྙན་ཐོ་དེའི་ནང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་གནད་དོན་ཐད་ཉི་འོང་གཞུང་གིས་དོ་སྣང་ཤུགས་ཆེར་བྱེད་བཞིན་ཡོད་པ་གསལ་སྟོན་བྱས་ཀྱང་། ཉི་འོང་ནང་དུ་གནས་སྡོད་རྒྱ་རིགས་མི་མང་ལ་ཉེན་ཁ་དེ་དག་རིགས་ལས་སྲུང་སྐྱོབ་བྱེད་ཆེད་དངོས་སུ་ལས་དོན་གང་ཡང་བསྒྲུབས་མེད་པ་དང་། ཉི་འོང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་ལ་ཞིབ་འཇུག་བྱེད་པའི་རྒྱལ་ཁབ་ཀྱི་ལམ་ལུགས་ཤིག་གསར་འཛུགས་བྱས་ཏེ་ཉེན་ཁ་འཕྲད་བཞིན་པའི་མི་མང་ལ་སྲུང་སྐྱོབ་དགོས་པའི་དགོས་འདུན་བཏོན་འདུག
གསར་འགོད་པ། མཁའ་འགྲོ་གཡང་འཛོམས། བདེ་སྐྱིད་ཀུན་སྒྲོལ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།