རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་རྨ་ཆུ་གཙང་བོའི་ཐོག་གློག་འདོན་ཆུ་མཛོད་ཆེ་ཤོས་ཤིག་འཛུགས་སྐྲུན་བྱས་ཡོད་འདུག

2024.04.02
རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་རྨ་ཆུ་གཙང་བོའི་ཐོག་གློག་འདོན་ཆུ་མཛོད་ཆེ་ཤོས་ཤིག་འཛུགས་སྐྲུན་བྱས་ཡོད་འདུག རྒྱ་ནག་གཞུང་གིས་མགོ་ལོག་རྭ་རྒྱ་མར་སྟེང་དུ་སྐྲུན་བཞིན་པའི་རྨ་ཆུའི་གློག་འདོན་ཆུ་མཛོད། ཟླ་ཚེས་མི་གསལ།
China State Media

ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་བོད་ནང་གི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྭ་རྒྱ་གྲོང་རྡལ་མར་སྟེང་སྡེ་བའི་ཉེ་འགྲམ་དུརྨ་ཆུའི་བཞུར་རྒྱུན་མཐོ་ཤོས་ཀྱི་ས་ཁུལ་དུ་ཆགས་པའི་མར་སྟེང་གློག་འདོན་ས་ཚིགས་ཞེས་པའི་ཆུ་མཛོད་དེ་བརྒྱབ་ཚར་ཡོད་པ་དང་། གློག་འདོན་ཆུ་མཛོད་དེ་རྒྱབ་རྗེས་རྨ་ཆུའི་བཞུར་རྒྱུན་ཇེ་ཉུང་དུ་ཕྱིན་པས། ཉེ་འཁོར་གྱི་རྩི་ཤིང་དང་སྐྱེ་ཁམས་དོ་མི་སྙོམས་པ་དང་། དབྱར་ཁ་གློ་བུར་ཆུ་ལོག་ཡོང་བ་སོགས་ཀྱི་རང་བྱུང་གཏོར་སྐྱོན་ཤུགས་ཆེར་ཕྱིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། ཆུ་མཛོད་དེ་འཛུགས་སྐྲུན་ཐད་ཉེ་འཁོར་སོགས་ནས་ཁྱིམ་ཚང་དང་དགོན་པ་ཁག་གནས་སྤོར་བྱ་དགོས་བྱུང་མེད་ན་ཡང་། གོང་དུ་ཆུ་མཛོད་ཀྱི་ཆུ་བསགས་ཚད་ཧ་ཅང་ཆེ་སྟབས། ཆུ་མཛོད་ལ་སྐྱོན་ཆ་རིགས་བྱུང་སྟེ་ཆུ་ཤོར་བ་ཡིན་ན་རྭ་རྒྱ་གྲོང་བརྡལ་དང་རྒྱུད་མགོ་སྡེ་བ་གཉིས་ཆུ་ལོག་གིས་རྩ་མེད་བཟོ་རྒྱུའི་ཉེན་ཁ་ཡོད་པ་རེད་ལ། སྤྱིར་ན་རྨ་ཆུའི་ཆུ་དེ་རྒྱ་ཁྱོན་དང་བཞུར་རྒྱུན་ཧ་ཅང་ཆེན་པོ་ཡིན་པ་དང་། དེང་སྐབས་གློག་འདོན་ཆུ་མཛོད་རྐྱེན་གྱིས་ཆུ་མཛོད་ཀྱི་མར་གཤམ་ནས་རྨ་ཆུར་རྐང་ཐང་གིས་བགྲོད་ཐུབ་པའི་ཚོད་དུ་ཡོད་པས། སེམས་ཅན་ཉ་གཙོས་ཆུར་གནས་སྲོག་ཆགས་ཁག་འཚོ་གནས་མི་ཐུབ་པའི་གནས་སྟངས་འོག་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ཆུ་མཛོད་དེ་ཚར་རྗེས་ས་གནས་སུ་དཔལ་འབྱོར་ཡོང་སྒོ་ཡག་པོ་ཡོད་སྐོར་བསྒྲགས་བཞིན་ཡོད་པ་སོགས་བརྗོད་བྱུང་།

མར་སྟེང་གློག་འདོན་ཆུ་མཛོད་ནི་རྒྱ་ནག་གཞུང་གིས་རྨ་ཆུའི་བཞུར་རྒྱུན་གྱི་སྟོད་དུ་སྐྲུན་བཞིན་པའི་གློག་འདོན་ཆུ་མཛོད་ཆེ་ཤོས་གྲས་ཤིག་ཡིན་པ་དང། རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན་ཆུ་མཛོད་ཁང་དེ་ནས་ཐེངས་དང་པོར་གློག་འདོན་ཚད་(Watt)ཁྲི་ ༥༥ ཟིན་ཡོད་པ་དང་། མ་འོངས་པར་དེ་ལས་ལྡབ་འགྱུར་གྱིས་བརྒལ་ཏེ་ཁྱིམ་ཚང་འབུམ་བཅུ་ལྷག་ལ་གློག་གི་དགོས་མཁོ་བསྐོང་ཐུབ་སྐོར་བཀོད་འདུག་ལ། ཡང་འབྲེལ་ཡོད་བོད་མི་གཞན་དེས་རྒྱ་ནག་གཞུང་གིས་ཆུ་མཛོད་དེ་སྐྲུན་རྗེས་གློག་འདོན་ས་གཙོ་བོ་ཟི་ལིང་གྲོང་ཁྱེར་ལ་ཁྲིད་བཞིན་ཡོད་པ་དང་། ཆུ་མཛོད་དེ་ཕྱི་ལོ་ ༢༠༢༡ ལོ་ནས་བཟུང་ལས་མགོ་ཚུགས་ཡོད་ན་ཡང་། བར་སྐབས་ཤིག་ལ་ལས་མི་ཚོར་གླ་ཆ་མ་སྤྲད་པའི་དཀའ་རྙོག་འོག་ལས་མཚམས་འཇོག་དགོས་བྱུང་ཡོད་ན་ཡང་། ཕྱི་ལོ་ ༢༠༢༣ ལོ་ནས་བཟུང་བསྐྱར་དུ་ལས་མགོ་ཚུགས་ཏེ་མཇུག་བསྐྱངས་ཡོད་པ་སོགས་བརྗོད་བྱུང་།

རྒྱ་ནག་གཞུང་གིས་བོད་ནང་ལོ་རེ་བཞིན་ཚད་བརྒལ་གྱི་གློག་འདོན་ཆུ་མཛོད་མང་པོ་སྐྲུན་བཞིན་ཡོད་པས། བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་ཚོས་བོད་ནང་གི་གཙང་བོ་ཁག་ཏུ་ཚད་ལས་བརྒལ་བའི་ཆུ་མཛོད་སྐྲུན་བཞིན་པ་དེས་གཙང་བོའི་ནུས་པ་ཉམས་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་ཁག་ཏུ་ཆུ་མཛོད་གསར་རྒྱག་དང་འབྲེལ་བོད་མི་ཚོ་གནས་སྤོར་ཤུགས་ཆེར་བྱེད་བཞིན་པ་ལྟར། འདི་ལོའི་ཕྱི་ཟླ་ ༢ ནང་སྡེ་དགེ་རྫོང་དབོན་པོ་སྟོད་ཁུལ་གྱི་འབྲི་ཆུར་ཆུ་མཛོད་གསར་རྒྱག་དང་འབྲེལ་མི་མང་གིས་ངོ་རྒོལ་དང་ཡུལ་མི་འཛིན་བཟུང་སོགས་ཀྱི་གནས་ཚུལ་མུ་མཐུད་བྱུང་བཞིན་ཡོད་པ་རེད། ཆུ་མཛོད་མང་པོ་འཛུགས་སྐྲུན་བྱེད་བཞིན་པ་དེས་བོད་ཀྱི་སྐྱེས་ཁམས་དོ་མི་སྙོམས་པ་དང་། བོད་ནང་ལོ་ལྟར་ས་ཡོམ་དང་ཆུ་ལོག་ཐན་པ་སོགས་རང་བྱུང་གི་གནོད་འཚེ་རྒྱུན་པར་འབྱུང་གི་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆར་རླུང་དྲག་པོ་བརྒྱབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གཞུང་འབྲེལ་མཛད་འཆར་ཁག་དབུ་འཛུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎