བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་རྣམས་གློད་བཀྲོལ་ཡོང་ཐབས་སུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་བའི་འབོད་སྐུལ་གནང་འདུག
ཕྱི་ཟླ་༥བའི་ཚེས་༢ཉིན་ཇར་མན་ནིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་(Kai Mueller)་ལགས་གྱིས་ཇར་མན་གྱི་ཕྱི་སྲིད་བློན་ཆེན་ལྕམ་(Annalena Baerbock)་ལགས་སུ་ཞུ་ཡིག་ཕུལ་ནས། རྒྱ་ནག་གཞུང་ལ་ཁོང་ཚོས་འཛིན་བཟུང་བྱས་ཡོད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་སྤེལ་མཁན་རྣམས་གློད་བཀྲོལ་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་བྱས་ཡོད་པ་ཁོང་གིས་(twitter)་དྲྭ་བར་གནས་ཚུལ་སྤེལ་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཇར་མན་ནིའི་ཕྱི་སྲིད་བློན་ཆེན་ལྕམ་(Annalena Baerbock)་ལགས་སུ་ཕུལ་བའི་འབོད་སྐུལ་ཡིག་གེའི་ནང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རྣམས་གློད་བཀྲོལ་གཏོང་དགོས་པ་དང་། བོད་ནང་གི་འཛུགས་བསྐྲུན་དང་ཁོར་ཡུག་དང་འབྲེལ་བའི་འཆར་གཞི་ལག་བསྟར་གནང་སྐབས་བོད་མི་རྣམས་མཉམ་ཞུགས་བྱེད་རྒྱུའི་རང་དབང་སྤྲོད་དགོས་པ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ལས་འགུལ་སྤེལ་མཁན་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ལས་འགུལ་སྤེལ་མཁན་མཉམ་དུ་གྲོས་མོལ་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུགToday, I handed over a petition urging German FM Baerbock to raise the issue of detained Tibetan environmental defenders with the Chinese govt.
— Kai Müller (@kai_mueller11) May 2, 2023
In 2022, we released a report highlighting the cases of 50 such Tibetans persecuted by the Chinese govt:
👉https://t.co/ruckhuofDV https://t.co/VmI0PDpvWI
གནས་ཚུལ་ནང་། རྒྱ་ནག་གཞུང་གིས་རྒྱུན་རིང་ནས་བོད་ནང་དུ་རང་བྱུང་གཏེར་ཁ་སྔོག་འདོན་དང་ནུས་ཤུགས་འདོན་སྤེལ། འཛུགས་བསྐྲུན་གྱི་ལས་གཞི་རྒྱ་བསྐྱེད་དང་ཞིང་འབྲོག་ས་ཁུལ་ཁག་གྲོང་ཁྱེར་དུ་བསྒྱུར་བཞིན་པ་དང་། ལྷག་པར་དུ་བོད་མིའི་ཐོག་དྲག་གནོན་གྱི་སྲིད་ཇུས་མུ་མཐུད་དུ་སྤེལ་བཞིན་ཡོད་པ་བརྗོད་དེ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་ལས་འགུལ་སྤེལ་མཁན་བོད་མི་ལྔ་བཅུ་སྐོར་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁུངས་འཕེར་ཡིག་ཆ་དང་བཅས་སྙན་ཐོ་བཏོན་ཡོད་པ་ལུང་འདྲེན་གནང་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།