བོད་ནང་རྒྱ་ནག་གཞུང་གི་དམ་དྲག་རྡུང་རྡེག་གི་བྱ་སྤྱོད་མཚམས་འཇོག་དགོས་བའི་འབོད་སྐུལ་བྱས་འདུག

2021-09-21
Share
བོད་ནང་རྒྱ་ནག་གཞུང་གི་དམ་དྲག་རྡུང་རྡེག་གི་བྱ་སྤྱོད་མཚམས་འཇོག་དགོས་བའི་འབོད་སྐུལ་བྱས་འདུག མདོ་སྨད་རྔ་བ་ཕྱོགས་སུ་རྒྱ་ནག་གི་ཉེན་རྟོག་དམག་མི།
AFP

རྒྱ་ནག་གཞུང་གིས་བོད་མདོ་ཁམས་དཀར་མཛེས་རྫ་དབོན་པོ་ཕྱོགས་གཙོས་བོད་ནང་གི་བོད་མི་ཚོར་དམ་དྲག་བཀག་ཉར་བྱེད་བཞིན་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སེམས་ཚས་བ་དང་བཅས། ༢༠༢༢་ལོར་རྒྱ་ནག་པེ་ཅིང་དུ་འཚོགས་འཆར་ཡོད་པའི་དགུན་དུས་ཨོ་རྩལ་རྩེད་འགྲན་མ་ཚུགས་གོང་དང་། རྩེད་འགྲན་རིང་རྒྱ་ནག་གཞུང་གིས་བོད་མི་ཚོར་རྡུང་རྡེག་གཏོང་ཤུགས་ཆེ་རུ་མི་གཏོང་བའི་ཆེད་འཛམ་གླིང་ཡུལ་གྲུ་ཁག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག
ཕྱི་ཚེས་༢༠་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱི་བསྒྲགས་སྤེལ་ནས། ཉེ་ལམ་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་ཟིན་པ་ལྟར། རྒྱ་ནག་གཞུང་གིས་ཉེ་ལམ་ཕྱི་ཟླ་བརྒྱད་པ་ཙམ་ནས་བཟུང་། རྒྱ་ནག་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་དབོན་པོ་དགོན་གྲོང་གཉིས་སུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཚོགས་པའི་ཚོགས་མི་དང་། དེ་བཞིན་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱེད་མཁན་ཚོར་རྡུང་རྡེག་གི་ལས་འགུལ་སྤེལ་ནས། ས་གནས་བོད་མིའི་ཁ་པར་སྔོག་བཤེར་བྱས་བ་དང་། བོད་མི་བརྒྱ་ལྷག་འཛིན་བཟུང་བྱས་པའི་གནས་ཚུལ་གསལ་སྟོན་དང་འབྲེལ། རྒྱ་ནག་གི་བྱ་སྤྱོད་དེ་རིགས་ངོས་ལེན་བྱ་ཐབས་མེད་པ་ཞིག་ཡིན་པས་བྱ་སྤྱོད་དེ་རིགས་ངེས་པར་དུ་མཚམས་འཇོག་བྱ་དགོས་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ཚགས་བྱས་པ་ནི་ཁྲིམས་འགལ་མིན་པ་དང་། བོད་མི་རིགས་རང་གི་སྐད་ཡིག་སྲུང་སྐྱོབ་དང་དྲིལ་བསྒྲགས་བྱས་པ་དེ་ཡང་རྒྱ་ནག་གི་ཁྲིམས་ལུགས་དང་མཐུན་པ་ཞིག་ཡིན་པས་རྡུང་རྡེག་གཏོང་མི་འོས་པ། བོད་ནང་དམ་དྲག་བཙན་གནོན་གྱིས་བོད་ཀྱི་ས་ཁུལ་གཞན་དུ་ཡང་འཇིགས་སྐུལ་གྱི་རྣམ་པ་ཞིག་བསྐྲུན་གྱི་ཡོད་ཀྱང་། དེས་རྒྱ་ནག་དེ་བཞིན་སྟོབས་ཆེན་རྒྱལ་ཁབ་ཤིག་ཡིན་པའི་སྟོབས་ཤུགས་མངོན་མི་ཐུབ་པར། རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་ནས་ལོ་ངོ་དྲུག་ཅུ་ལྷག་འགྲོ་བཞིན་ཡོད་པའི་གནས་སྟངས་མཚོན་གྱི་ཡོད་པ་བརྗོད་འདུག
ལྷག་པར་ཕྱི་ལོ་༢༠༢༢་ལོར་པེ་ཅིན་དུ་དགུན་དུས་ཨོ་རྩལ་རྩེད་འགྲན་འཚོགས་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་དེ་བེད་སྤྱད་ནས་ཕྱི་ཕྱོགས་སུ་རང་ཉིད་ཀྱི་ཕྱི་ཚུལ་རྣམ་པ་ཡག་པོ་མངོན་ཐབས་བྱེད་བཞིན་ཡོད་པར་བརྟེན། ཨོ་རྩལ་རྩེད་འགྲན་མ་འཚོགས་གོང་དང་རྩེད་མགྲན་རིང་རྒྱ་ནག་གཞུང་གིས་བོད་མི་ཚོར་རྡུང་རྡེག་གཏོང་རྒྱུའི་བྱ་སྤྱོད་སྤེལ་མི་རུང་བ་འཛམ་གླིང་ཡུལ་གྲུ་ཁག་གིས་རྒྱ་ནག་ཐོག་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག་ལ། ཡང་རྒྱ་ནག་གཞུང་ལ་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་གང་ཉིད་ཀྱི་སྐུ་ཚབ་བར་དོན་སྙིང་ལྡན་པའི་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཀྱང་གནང་འདུག

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།