རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་རྩེད་འགྲན་པ་གསུམ་ལ་མཐོང་མཆན་སྤྲོད་སྟངས་ཐད་རྒྱ་གར་གྱིས་སྐྱོན་བརྗོད་བྱས་འདུག

2023.09.27
རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་རྩེད་འགྲན་པ་གསུམ་ལ་མཐོང་མཆན་སྤྲོད་སྟངས་ཐད་རྒྱ་གར་གྱིས་སྐྱོན་བརྗོད་བྱས་འདུག རྒྱ་གར་གྱི་ཕྱི་བསྐྱོད་ལག་འཁྱེར་དང་རྒྱ་ནག་གི་མཐོང་མཆན།
སྒྲིག་བཟོ། /RFA

ཉེ་ལམ་རྒྱ་ནག་གི་གྲོང་ཁྱེར་(Hangzhou)་ནང་འཚོགས་རྒྱུའི་ཨེ་ཤེ་ཡའི་རྩེད་འགྲན་ཐེངས་༡༩པའི་ཐོག་མཉམ་ཞུགས་གནང་མཁན། རྒྱ་དཀར་ནག་གཉིས་བར་རྩོད་རྙོག་ཡོད་པའི་ས་མཚམས་ས་ཁུལ་ཨ་རུ་ནཱ་ཅལ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྱི་རྩེད་འགྲན་པ་གསུམ་ལ་རྒྱ་ནག་གཞུང་ཚབ་ཁང་གིས་མཐོང་མཆན་(Stapled Visa)་ཞེས་ཕྱི་བསྐྱོད་ལག་འཁྱེར་ཐོག་ལོགས་སུ་སྦྱར་ནས་སྤྲད་ཡོད་པར་བརྟེན་ཁོང་ཚོ་རྩེད་འགྲན་ནང་མཉམ་ཞུགས་གནང་ཐུབ་མེད་པ་རེད་འདུག གནད་དོན་དེའི་ཐད་རྒྱ་གར་ཕྱི་སྲིད་ལས་ཁང་གིས་ད་རེས་རྒྱ་ནག་གིས་ཨ་རུ་ནཱ་ཅལ་ནས་ཡིན་པ་རྒྱ་གར་གྱི་རྩེད་འགྲན་པ་ཚོ་ལ་མཐོང་མཆན་སྤྲོད་སྟངས་དེར་མཐའ་གཅིག་ཏུ་སྐྱོན་བརྗོད་བྱེད་ཡོད་པ་གསུངས་ཡོད་འདུག་ལ། དེ་ལྟ་བུའི་བྱ་སྤྱོད་ཀྱིས་རྩེད་མོའི་སྙིང་པོ་དང་ཨེ་ཤེ་ཡའི་རྩེད་འགྲན་གྱི་སྒྲིག་གཞི་བརྩི་མེད་བཏང་བ་རེད་ཅེས་དང་། ཨ་རུ་ནཱ་ཅལ་ནི་རྩོད་གླེང་ཅན་གྱི་ས་ཁུལ་ཞིག་མིན་པར་དེ་ནི་རྒྱ་གར་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཞིག་རེད་ཅེས་གསུངས་ཡོད་འདུག
(Stapled Visa)་ནི་ནམ་རྒྱུན་གཞུང་ཚབ་ཁང་ནས་སྤྲོད་བཞིན་པའི་མཐོང་མཆན་ལྟར་མིན་པར་ཕྱི་བསྐྱོད་ལག་འཁྱེར་ཐོག་ལོགས་སུ་སྦྱར་ནས་སྤྲད་པའི་མཐོང་མཆན་ཞིག་ལ་ཟེར་བ་དང་། (Stapled Visa)་བརྒྱུད་ཕྱི་བསྐྱོད་ལག་འཁྱེར་ཐོག་གཏན་འཇགས་ཀྱི་རྗེས་ཤུལ་ཞིག་ལུས་ཀྱི་མེད་པ་རེད་ལ་རྒྱལ་ཁབ་དེའི་ནང་བསྐྱོད་པའི་བདེན་རྟགས་ཡང་ལུས་ཀྱི་མེད་པ་རེད།
ཨ་རུ་ནཱ་ཅལ་ནས་ཡིན་པའི་རྩེད་འགྲན་པ་གསུམ་གྱི་(Wushu)་རྩེད་མོའི་སྦྱོང་བརྡར་བ་(Maibam Premchandra)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གསུངས་ན། ངོས་ཀྱིས་ཕྱི་ལོ་༢༠༡༨ལོ་ནས་རྩེད་འགྲན་པ་ཚོ་ལ་སྦྱོང་བརྡར་སྤྲད་ཡོད་པ་མ་ཟད། ཁོང་ཚོས་ཉིན་མཚན་མེད་པར་སྐུ་ལས་བསྐྱོན་ཡོད་པ་རེད། ལྷག་པར་དུ་ཨ་རུ་ནཱ་ཅལ་ཁུལ་ནས་རྩེད་འགྲན་པ་མང་པོ་ཞིག་ཐོན་བཞིན་ཡོད་པ་རེད། ད་རེས་ཀྱི་མཐོང་མཆན་སྤྲོད་ཕྱོགས་དང་འབྲེལ་བའི་ཐོག་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་གིས་རྒྱ་གར་དབུས་གཞུང་ལ་སྙན་སེང་ཞུས་ནས་གནད་དོན་དེ་སེལ་ཐབས་སུ་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་བར་གྲོས་བསྡུར་ཡོང་བའི་རེ་བ་ཞུ་བཞིན་ཡོད་པ་གསུངས་སོང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རུ་ནཱ་ཅལ་གྲོས་ཚོགས་འཐུས་མི་ནི་ནོང་ཨི་རིང་ལགས་སུ་ད་རེས་ཀྱི་གནད་དོན་དེ་དང་འབྲེལ་བའི་ཐོག་བཅར་འདྲི་ཞུས་པར། ཁོང་གིས། རྒྱ་ནག་གིས་དུས་རྟག་ཏུ་ཕྱོགས་གཉིས་ཕན་ཚུན་གོ་རྟོགས་དང་འབྲེལ་ལམ་ལ་དོ་ཕོག་གཏོང་ཐབས་བྱེད་བཞིན་ཡོད་པ་མ་ཟད། ས་མཚམས་ས་ཁུལ་དུ་རྒྱ་མིའི་དམག་མི་རྒྱ་གར་གྱི་ས་ཐོག་དུ་ཧམ་འཛུལ་བྱེད་པ་སོགས་ཀྱི་དོན་རྐྱེན་མང་དག་ཞིག་ཡོང་གིས་ཡོད་པ་རེད། དེའི་སྟེང་ད་ཆ་རྒྱ་ནག་གཞུང་ཚབ་ཁང་གིས་མཐོང་ཆེན་སྤྲོད་ཕྱོགས་དང་འབྲེལ་བའི་དཀའ་རྙོག་ཞིག་བཟོས་ཡོད་པ་རེད། རྒྱ་གར་གཞུང་གི་ངོས་ནས་དཀའ་རྙོག་དེ་སེལ་ཐབས་མ་བྱས་བར་དུ་རྒྱ་ནག་གཞུང་གི་ངོས་ནས་ང་ཚོ་རྒྱ་གར་གྱི་མི་སེར་ཞིག་ལ་ངོས་འཛིན་བྱེད་ཀྱི་མ་རེད། ང་ཚོས་དུས་རྟག་ཏུ་ང་ཚོ་རྒྱ་གར་གྱི་མི་སེར་ཞིག་ཡིན་པ་བརྗོད་བཞིན་ཡོད་ལ་ང་ཚོས་ད་རེས་ཀྱི་གནད་དོན་འདིའི་ཐད་རྒྱ་ནག་གཞུང་ལ་ཉེས་འཛུགས་བྱེད་བཞིན་ཡོད་པ་གསུངས་གནང་སོང་།
གཞན་ཡང་དེ་སྔོན་(The New York Times)་ཞེས་ཨ་རིའི་ནིའུ་ཡོག་དུས་བབ་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་མཐོང་ཆེན་(Stapled Visa)་འམ་ཕྱི་བསྐྱོད་ལག་འཁྱེར་ཐོག་ལོགས་སུ་སྦྱར་ནས་སྤྲད་པའི་མཐོང་མཆན་དེ་ཨ་རུ་ནཱ་ཅལ་མངའ་སྡེའི་མི་སེར་ཙམ་མ་ཡིན་པར། རྒྱ་གར་ཀ་ཤི་མཱིར་མངའ་སྡེའི་མི་སེར་ལ་ཡང་སྤྲོད་ཀྱི་ཡོད་འདུག་ལ། ཕྱི་ལོ་༢༠༠༩་ལོར་རྒྱ་ནག་གཞུང་ཚབ་ལས་ཁང་ནས་(Stapled Visa)་མཐོང་མཆན་སྤྲད་པར་རྒྱ་གར་གཞུང་གིས་གནམ་ཐང་དུ་བཀག་འགོག་བྱས་ཡོད་པ་རེད་འདུག ས་མཚམས་ཁུལ་དུ་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་འགྲོ་བཞིན་ཡོད་པས་རྒྱ་ནག་གིས་རྒྱ་གར་ལ་བསུན་པོ་བཟོ་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཐེ་ཝན་དུ་གནས་སྡོད་རྒྱ་ནག་ཉམས་ཞིབ་པ་སྐུ་ཞབས་(Suyash Desai)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འདི་ནི་གནད་དོན་གསར་པ་ཞིག་མ་རེད། རྒྱ་ནག་གཞུང་གིས་དེ་སྔོན་ཕྱི་ལོ་༢༠༡༠ལོ་ནས་མཐོང་མཆན་སྤྲོད་ཕྱོགས་ཐད་འགྱུར་བ་བཏང་འགོ་བཙུགས་པ་ཞིག་རེད། འདི་ནི་རྒྱ་ནག་གཞུང་གིས་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་གཞན་ཚོ་ལ་བཙན་སྐུལ་ཐོག་བྱས་པའི་བྱ་སྤྱོད་ངན་པ་ཞིག་རེད། སྲིད་བྱུས་དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་དབང་ཆ་བཟུང་བ་ནས་འགོ་བཙུགས་པ་ཞིག་རེད། དང་པོ་ཐོག་མར་སྲིད་བྱུས་དེ་བཞིན་རྒྱ་གར་གྱི་ཨ་རུ་ནཱ་ཅལ་ས་ཁུལ་གྱི་ཁྱབས་ཁོངས་སུ་ལག་བསྟར་བྱས་པ་རེད། ཡིན་ན་ཡང་ཕྱོགས་གཉིས་བར་འབྲོག་ལམ་ས་མཚམས་ས་ཁུལ་དང་། གྷལ་ཝན་ལུང་གཤོང་དུ་ཕྱོགས་གཉིས་ཀྱི་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་པའི་རྗེས་སྲིད་བྱུས་དེ་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀཤི་མིར་གྱི་འགྲུལ་བསྐྱོད་བྱེད་མི་རྣམས་ལ་འང་ལག་བསྟར་བྱེད་མུས་ཡིན་པ་གསུངས་བྱུང་།
ཨ་རུ་ནཱ་ཅལ་ནས་ཡིན་པ་རྒྱ་གར་གྱི་རྩེད་འགྲན་པ་གསུམ་ནི་ཉི་མན་དབང་སུ། ཨོ་ནི་ལུ་ཏི་གྷ་དང་མི་པུང་ལམ་སྒུ་བཅས་ཡིན་འདུག ཁོང་ཚོར་ཨེ་ཤེ་ཡ་རྩེད་མོའི་གོ་སྒྲིག་ཚོགས་ཆུང་ནས་ངོས་འཛིན་ཡིག་ཆ་སོགས་ཡོད་ན་ཡང་ད་ལན་ཁོང་ཚོར་རྒྱ་ནག་ནང་བསྐྱོད་སྒྱུར་དམ་དྲག་བཀག་འགོག་བྱེད་ཡོད་པ་རེད་འདུག གནས་དོན་འདི་ནི་ཐེངས་མ་དང་པོ་མིན་པར་དེ་སྔོན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་ཁུལ་ནས་ཡིན་པའི་རྒྱ་གར་བའི་རྩེད་འགྲན་པ་ཞིག་དང་ཁོང་ལ་སྦྱོང་བརྡར་སྤྲོད་མཁན་གཉིས་ལ་རྒྱ་ནག་གཞུང་ཚབ་ཁང་གིས་མཐོང་མཆན་(Stapled Visa)་སྤྲད་ཡོད་པ་རེད་འདུག།
རྒྱ་གར་དང་རྒྱ་ནག་བར་འཕགས་བོད་ས་མཚམས་ཐོག་རྩོད་རེས་བྱེད་བཞིན་པ་དེ་ཡུལ་གཉིས་བར་གྱི་འབྲེལ་བའི་གནད་དོན་ཐོག་དཀའ་རྙོག་ཆེ་ཤོས་དེ་ཆགས་ཡོད་པ་རེད། དེ་སྔོན་ཕྱི་ཟླ་༤པའི་ནང་། རྒྱ་ནག་གཞུང་གིས་བོད་ལྷོ་ཕྱོགས་ཞེས་བཏགས་ནས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ས་ཆ་༡༡གི་མིང་གསར་བཟོ་བྱས་པར་རྒྱ་གར་ཕྱི་སྲིད་ལས་ཁང་ནས་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་བྱས་འདུག
དེ་བཞིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས། རེས་གཟའ་པ་སངས་ཉིན་གསར་འགོད་ལྷན་ཚོགས་ཞིག་གིས་ཐོག་རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་རྒྱ་གར་གྱི་མངའ་སྡེ་ཞིག་དུ་ངོས་འཛིན་ནམ་ཡང་བྱེད་ཀྱི་མེད་པ་དང་། དེ་ནི་བོད་ཀྱི་ལྷོ་ཁུལ་གྱི་ས་ཁུལ་ཞིག་ཡིན་པས་རྒྱ་ནག་ལ་བདག་དབང་ཡོད་ལུགས་བརྗོད་ཡོད་འདུག།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པར་བློ་ཕམ་ཡོད་པའི་གསལ་བསྒྲགས་སྤེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎