རྒྱ་གར་གྱིས་དམངས་གཙོ་དོན་གཉེར་བར་མཐོང་མཆན་སྤྲད་མི་འདུག

2016-04-29
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་ལུའུ་ཅིང་ཧའ་དང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཝང་རས།
རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་ལུའུ་ཅིང་ཧའ་དང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཝང་རས།
དྲ་བཤུས/FB

དེ་ཡང་༡༩༨༩་ལོའི་རྒྱ་ནག་པེ་ཅིན་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ནང་ཞུགས་མྱོང་མཁན། དེང་སྐབས་ཨ་རིའི་ནང་གནས་སྡོད་གནང་བཞིན་པ་རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་ལུའུ་ཅིང་ཧའ། བཞུགས་སྒར་རྡ་རམ་ས་ལར་ཚོགས་རྒྱུའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལྷན་ཚོགས་ཐོག་ཚོགས་ཞུགས་གནང་རྒྱུའི་ཆེད་རྒྱ་གར་ནང་ཕེབས་རྒྱུར་རྒྱ་གར་གཞུང་གིས་མཐོང་ཆན་གནང་མེད་ཅིང་། དེའི་ཐོག་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་ཕྱི་དྲིལ་དཔོན་རིགས་མཐོ་གྲས་ཤིག་གིས། ལུའུ་ཅིང་ཧའ་ཡིས་རྒྱ་གར་དུ་བསྐྱོད་རྒྱུའི་མཐོང་མཆན་གྱི་ཞུ་ཡིག་ནང་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་རྒྱུའི་ཞུ་ཡིག་བསྐྱལ་ཡོད་པ་དང་། ཡུལ་སྐོར་སྤྲོ་འཆམ་གྱི་མཐོང་མཆན་དང་ཚོགས་འདུར་བསྐྱོད་རྒྱུའི་མཐོང་མཆན་གཉིས་ཁ་ཁ་ཡིན་སྟབས་ཁོང་རྒྱ་གར་ནང་ཕེབས་རྒྱུའི་མཐོང་ཆན་ཕུལ་མེད་པ་རེད་ཅེས་འགྲེལ་བཤད་བྱས་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་ཧོང་ཀོང་ནང་ཡོད་པའི་དམངས་གཙོ་དོན་གཉེར་ཅན་ཝང་རས་ལ་ཡང་རྒྱ་གར་གཞུང་ཚབ་ཁང་གིས་རྒྱ་གར་ནང་བསྐྱོད་རྒྱུའི་མཐོང་མཆན་གནང་མེད་པའི་ཐོག  རྒྱ་གར་གྱི་དཔོན་རིགས་དེས་ཝང་རས་ཀྱི་མཐོང་མཆན་ཞུ་ཡིག་ཐོག་ཚེས་གྲངས་ཁ་གསལ་མེད་པར་བརྟེན་ནས་མཐོང་མཆན་ཕུལ་མེད་པའི་སྐོར་འགྲེལ་བཤད་བྱས་འདུག    
ཡིན་ནའི་དམངས་གཙོ་དོན་གཉེར་བ་ལུའུ་ཅིང་ཧའ་ཡིས་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དུ་གསར་འགོད་པར། ཁོང་ལ་རྒྱ་གར་གཞུང་ཚབ་ཀྱིས་མཐོང་མཆན་སྤྲད་ནས་ནིའུ་ཡོག་གནམ་ཐང་ནས་གནམ་གྲུའི་ནང་བསྐྱོད་སྐབས་གནམ་གྲུའི་ཞབས་ཞུ་བས་ཁོང་མཐོང་མཆན་དེའི་ཐོག་རྒྱ་གར་ནང་བསྐྱོད་ཐབས་མེད་པ་བཤད་ནས་བཀག་འགོག་བྱས་ཚུལ་དང་། ད་རེས་ཁོང་རྒྱ་གར་དུ་བསྐྱོད་ནས་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུ་རྩིས་ཀྱི་འཆར་གཞི་ཡོད་པའི་སྐོར་གསུངས་འདུག།   
ཉིན་ཤས་གོང་རྒྱ་གར་གཞུང་གིས་ཇར་མན་ནང་རྟེན་གཞི་བྱས་པའི་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་འགོ་ཁྲིད་DolKun Isaཡང་བཞུགས་སྒར་དུ་ལྷན་ཚོགས་དེའི་ཐོག་ཚོགས་བཞུགས་གནང་རྒྱུར། རྒྱ་གར་གཞུང་གིས་མཐོང་ཆན་གནང་མེད་པ་རེད། འགྲོ་བ་མིའི་ཐོབ་ཐང་སོགས་དང་འབྲེལ་བའི་ལྷན་ཚོགས་དེ་བཞིན་ཨ་རིའི་ནང་གནས་སྡོད་གནང་མཁན་སྤྱི་འབངས་ཀྱི་སྟོབས་ཤུགས་ཞེས་པའི་ཚོགས་པ་གསར་བཙུགས་གནང་མཁན་ཡཱང་ཅན་ལེ་ཡིས་འགོ་ཁྲིད་པའི་ཚོགས་པ་དེས་གཙོ་བོ་བྱས་ནས་ཕྱི་ཚེས་༢༨ནས་དུས་ཡུན་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་བསྐོངས་ཚོགས་གནང་བཞིན་པ་རེད།

གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།