རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་འོས་བསྡུ་རིམ་པ་བཞི་པ་འགོ་འཛུགས་གནང་འདུག
བདུན་ཕྲག་ཁ་ཤས་རིང་གི་རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུ་བྱེད་བཞིན་པ་དང་། རྒྱ་གར་ནང་འོས་བསྡུ་ཆེན་མོ་དེ་ནི་ཁ་སྔོན་ཕྱི་ཟླ་བཞི་པའི་ཚེས་༡༩་དང་ཚེས་༢༦། ཕྱི་ཟླ་ལྔ་པའི་ཚེས་༧བཅས་རིམ་པ་ཁག་གསུམ་བྱས་ནས་འོས་ཤོག་ཕངས་ཟིན་པ་ཡོད་ཅིང་། ཕྱི་ཟླ་ལྔ་པའི་ཚེས་༡༣་རེས་གཟའ་ཟླ་བའི་ཉིན་འོས་བསྡུ་རིམ་པ་བཞི་པ་དེ་ནི་རྒྱ་གར་གྱི་མངའ་སྡེ་དགུ་དང་ཐད་ཀའི་གཞུང་འཛིན་མངའ་ཁོངས་ཀྱི་ས་ཁུལ་གཅིག་བཅས་ནང་འོས་ཤོག་འཕེན་རྒྱུ་དེ་ནི། སྲིད་བློན་(Modi)་ཡི་ད་ལྟའི་གཞུང་འཛིན་(BJP)་ཆབ་སྲིད་ཚོགས་པར་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་རེད། རྒྱུ་མཚན་ནི་(BJP)་ཆབ་སྲིད་ཚོགས་པའི་ཚོགས་མི་ཧ་ཅང་གི་མང་བ་གནས་ཡུལ་རྒྱ་གར་གྱི་་མངའ་སྡེ་(Uttar Pradesh)་དང་། (Madhya Pradesh)་སོགས་འོས་བསྡུ་བྱེད་ཡུལ་དུ་ཚུད་ཡོད་པ་རེད།
འོས་བསྡུའི་རྒྱལ་ཁ་སུ་ལ་ཐོབ་མིན་གྱི་བསམ་ཤོག་བསྡུ་ལེན་བྱས་པ་མང་ཆེ་བའི་ནང་། སྲིད་བློན་(Modi)་ཡི་གཞུང་འཛིན་(BJP)་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་རྒྱུའི་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།
རྒྱ་གར་གྱི་༢༠༢༤ལོའི་འོས་བསྡུ་ཆེན་མོ་དེ་ནི་ཕྱི་ཟླ་༦ཚེས་༡བར་དུ་བྱེད་རྒྱུ་ཡིན་པ་དང་། འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆའི་བཅུ་ལྷག་ཟིན་པའི་རྒྱ་གར་གྱི་མི་དམངས་ས་ཡ་༩༧༩ ཙམ་འོས་བསྡུའི་ནང་མཉམ་ཞུགས་བྱས་ཏེ། གྲོས་ཚོགས་འོག་མའི་འཐུས་མི་ལྔ་བརྒྱ་བཞི་བཅུ་ཞེ་གསུམ་འོས་འདེམས་བྱ་རྒྱུ་ཡིན་པ་རེད།
དེ་བཞིན་གཟའ་ཟླ་བར་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ལྔ་ཡི་འོས་བསྡུ་ཡང་མཇུག་སྒྲིལ་རྒྱུ་ཡིན་ཞིང་། མངའ་སྡེ་དེ་དག་གིས་ཕྱི་ལོ ༢༠༡༤ལོར་སྲིད་བློན་(Modi)་ཡི་(BJP)་ཆབ་སྲིད་ཚོགས་པར་སྲིད་དབང་ཐོབ་པ་ནས་བཟུང་། ཕལ་ཆེ་བས་(Modi)་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་མེད། འོན་ཀྱང་མངའ་སྡེ་དེ་དག་ནས་གྲོས་ཚོགས་སུ་འཐུས་མི་གསུམ་ཆ་གཉིས་ཀྱི་མང་མོས་ཤིག་འཐོབ་རྒྱུའི་དམིགས་ཡུལ་ཡོད་སྟབས། མངའ་སྡེ་དེ་དག་གི་ནང་དུ་འོས་ཤོག་མང་བ་འཐོབ་རྒྱུ་ནི་གལ་ཆེན་པོ་ཡིན་པ་རེད།
རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ནི་འཛམ་གླིང་སྟེང་གི་མང་གཙོའི་འོས་བསྡུ་ཆེ་ཤོས་དེ་ཡིན། འོས་ཤོག་འཕེན་ཆོག་པའི་ཐོབ་ཐང་ཡོད་པའི་མི་གྲངས་དུང་ཕྱུར་བཅུ་ལ་ཉེ་བས་དབྱར་ཁའི་ཚ་དྲོད་ཆེ་བའི་ཕྱི་ཟླ་དྲུག་པའི་ཚེས་༡བར་འོས་ཤོག་ཕངས་ཏེ། ཕྱི་ཟླ་ ༦ཚེས་༤ཉིན་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་པ་རེད།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།