རྒྱ་གར་གྱིས་ཚད་གཞི་ངེས་ཅན་གྱི་དམག་འཐབ་གྲ་སྒྲིག
2012.02.02
༄༅༎རྒྱ་དཀར་ནག་གཉིས་དབར་ས་མཚམས་རྩོད་རྙོག་ཞི་ཐབས་སུ་གྲོས་མོལ་དང་། ཚོང་འབྲེལ་གཞི་རྒྱ་ཆེ་རུ་འགྲོ་མིན་ལ་མ་ལྟོས་པར་་རྒྱ་གར་གཞུང་གིས་ཚད་གཞི་ངེས་ཅན་གྱི་དམག་འཐབ་གྲ་སྒྲིག་གནང་བཞིན་པ་ཡིན་ལུགས་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཇེམསི་ཀེ་ལེ་པཱར་ཡིས་གསུངས་གནང་འདུག
རྒྱ་དཀར་ནག་གཉིས་དབར་ཛ་དྲག་མེད་པའི་རྣམ་འགྱུར་སྟོན་ཆེད་རྒྱ་གར་གཞུང་གི་གཞུང་འབྲེལ་གསལ་བསྒྲགས་སྔ་རྗེས་གནང་མུས་དེ་ལྟར་ཡང་། རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གཞུང་གིས་ས་མཚམས་སུ་དྲག་ཤུལ་ཅན་གྱི་སྟངས་སྟབས་བྱེད་བཞིན་པའི་ཚོར་སྣང་རྒྱ་གར་གཞུང་ལ་ཡོང་གི་ཡོད་པ་དང་། རྒྱ་དཀར་ནག་གཉིས་དབར་དམག་ཆེན་ཡོང་བཟོ་མེད་ཀྱང་ཚོད་འཛིན་ཡོད་པའི་ས་མཚམས་དམག་འཁྲུག་ཡོང་ཉེན་ཡོད་པར་རྒྱ་གར་གྱི་དམག་དཔོན་ཚོས་ཡིད་ཆེས་གནང་སྟེ་དམག་འཐབ་དོ་མཉམ་འབྱུང་ཐབས་ཀྱི་གྲ་སྒྲིག་གནང་གི་ཡོད་ལུགས་ཨ་རིའི་དབུས་གསང་ལས་ཁང་གི་འགན་འཛིན་གྱིས་ཨ་རིའི་གྲོས་ཚོགས་གོང་མའི་གསང་ལས་ཚོགས་ཆུང་གི་ཉན་ཞིབ་སར་གསུངས་གནང་ཡོད་པ་རེད། ཉེ་ལམ་རྒྱ་ནག་གཉིས་དབར་ས་མཚམས་གྲོས་མོལ་གནང་ཡང་རྒྱ་ནག་གཞུང་གིས་རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་པར་རྡེཤ་ཡི་ས་ཁྱོན་གང་འཚམ་རྒྱ་ནག་ལ་མ་ཐོབ་བར་མོས་མཐུན་ཞུ་ཐབས་བྲལ་ལུགས་ཀྱི་ཀ་ཀོར་བཤད་དེ་དོན་འབྲས་སོན་མེད་པ་རེད།
ལྷག་པར་དུ་རྒྱ་ནག་གཞུང་གིས་དྲག་པོའི་དམག་གི་སྔོན་རྩིས་འགྲོ་གྲོན་ལ་སྤར་ཆ་ཆེན་པོ་བྱས་ཏེ་སྔར་ལོ་ཨ་རིའི་ཌོ་ལར་ཐེར་འབུམ་༩༡་དང་ཕྱེད་ཙམ་ཟིན་ཏེ་འཛམ་གླིང་ནང་ཨང་རིམ་གཉིས་པར་སླེབས་ཡོད་པ་མ་ཟད། དམག་དོན་ཐོག་གཞུང་ནས་རྒྱབ་སྐྱོར་ཤུགས་ཆེ་བྱས་ཏེ་དམག་མི་སྒྲིག་འཛུགས་དེང་རབས་ཅན་དུ་འགྱུར་ཐབས་བྱེད་བཞིན་པ་རེད༎