རྒྱ་གར་ནང་གི་སྐད་ཡིག་ཕྱེད་ཀ་ཙམ་བེད་མེད་དུ་འགྱུར་ཉེན་འདུག


2017.08.03
རྒྱ་གར་གྱི་སྐད་ཡིག རྒྱ་གར་གྱི་སྐད་ཡིག
དྲ་བཤུས།

རྒྱ་གར་ནང་བེད་སྤྱོད་བྱེད་པའི་སྐད་ཡིག་སྣ་ཚོགས་ཤིག་ཡོད་པ་ནས་སྐད་ཡིག་ཕྱེད་ཀ་ལྷག་ཙམ་ལོ་ངོ་ལྔ་བཅུའི་ནང་ཚུད་བེད་མེད་སྐད་ཡིག་དུ་འགྱུར་རྒྱུའི་ཉེན་ཁ་འདུག
དེ་ཡང་རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་(The Peoples Linguistic Survey of India)་ཞེས་རྒྱ་གར་ནང་སྐད་ཡིག་བེད་སྤྱོད་སྐོར་གྱི་དཔྱད་ཞིབ་ལྟེ་གནས་ཁང་གིས། རྒྱ་གར་རྒྱལ་ཡོངས་སུ་མང་ཚོགས་ཀྱི་སྐད་ཡིག་བེད་སྤྱོད་སྐོར་བསམ་ཤོག་བསྡུ་ལེན་གྱི་ལས་གཞི་གསལ་བསྒྲགས་བྱས་ཤིང་། སྐབས་དེར་གོང་གསལ་སྐད་ཡིག་དཔྱད་ཞིབ་ལྟེ་གནས་ཁང་གི་ཚོགས་གཙོ་G.N. Devy་ཞུ་བས། རྒྱ་གར་ནང་སྐད་ཡིག་མི་འདྲ་བ་༧༨༠་ཙམ་བེད་སྤྱོད་བྱེད་བཞིན་ཡོད་རུང་འབྱུང་འགྱུར་ལོ་ངོ་ལྔ་བཅུའི་ནང་ཚུད་དུ། ཉུང་ཐར་རྒྱ་གར་གྱི་སྐད་ཡིག་༤༠༠་ལྷག་བེད་མེད་སྐད་ཡིག་དུ་འགྱུར་ནས་རྩ་བརླག་ཏུ་འགྲོ་ཉེན་ཆེ་བའི་གནས་སྟངས་སུ་ཡོད་པ་གསུངས་འདུག གོང་གསལ་སྐུ་ཞབས་G.N. Devy ་གྱིས་གསུངས་ན། སྐད་ཡིག་རེ་རེ་རྩ་བརླག་ཏུ་སོང་སྐབས་སྐད་ཡིག་དེ་ལ་བརྟེན་པའི་རིག་གཞུང་ཡང་རྩ་བརླག་ཏུ་འགྲོ་གིན་ཡོད་ཅིང་། འདས་པའི་ལོ་ངོ་༥༠རིང་། རྒྱ་གར་ནང་སྐད་ཡིག་མི་འདྲ་བ་༢༥༠་རྩ་བརླག་ཏུ་སོང་ཡོད་པ་གསལ་འདོན་གནང་འདུག
(PSLI)་ཞེས་པའི་སྐད་ཡིག་ཞིབ་འཇུག་ལྟེ་གནས་ཁང་ནས་རྒྱ་གར་རྒྱལ་ཡོངས་སུ་ས་གནས་དང་ས་ཁུལ་དེ་བཞིན་མི་རིགས་སྣ་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་རིག་གནས་སྲུང་སྐྱོབ་སླད། སྐད་ཡིག་སྣ་ཚོགས་ཡོད་པ་དེ་དག་ཉར་ཚགས་ཀྱིས་ཡིག་ཐོག་ཏུ་བཀོད་ནས་བདག་གཅེས་སྲུང་སྐྱོབ་གནང་གི་ཡོད་འདུག་པ་དང་། ལྟེ་གནས་ཁང་དེས་གསུངས་ན། རྩ་བརླག་ཏུ་འགྲོ་ཉེན་ཆེ་བའི་སྐད་ཡིག་མང་ཆེ་བ་ནི། སྤྱི་ཚོགས་ནས་ཟུར་འབུད་ལྟ་བུར་གནས་པའི་རྒྱ་གར་གྱི་གདོད་མའི་མི་རིགས་ཚོ་ཡིན་ཞིང་། ཁོ་ཚོར་ཤེས་ཡོན་སློབ་གསོའི་གོ་སྐབས་དང་མཐུན་རྐྱེན་མེད་པའི་རྐྱེན་དང་། གལ་ཏེ་གདོད་མའི་མི་རིགས་ཀྱི་ཕྲུ་གུ་ཚོར་སློབ་གྲྭའི་གོ་སྐབས་བྱུང་སྐབས་སློབ་གྲྭའི་ནང་། རྒྱ་གར་དབུས་གཞུང་ནས་ངོས་འཛིན་ཡོད་པའི་རྒྱལ་ཡོངས་སྐད་ཡིག་༢༢་ཡོད་པའི་ནང་ནས་སྐད་ཡིག་གཅིག་གི་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད་སྟབས་ཕ་མེས་ཀྱི་སྐད་ཡིག་བེད་མེད་དུ་འགྱུར་བཞིན་ཡོད་པ་གསལ་འདོན་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎