ལྷ་ས་དང་གཞིས་ཀ་རྩེ་ཁུལ་དུ་ཆམ་རིམས་ཤིག་ཁྱབ་གདལ་འགྲོ་བཞིན་ཡོད་འདུག
ཕྱི་ཟླ་༢པའི་ཟླ་མཇུག་ནས་བཟུང་། རྒྱ་ནག་གི་ཞི་ཨན་གྲོང་ཁྱེར་གཙོས་གྲོང་ཁྱེར་མང་དག་ཅིག་གི་ནང་(Influenza)་ཞེས་པའི་ཆམ་རིམས་ཤིག་ཁྱབ་གདལ་འགྲོ་བཞིན་ཡོད་པ་ལྟར། ད་ལྟའི་ཆར་བོད་ནང་གི་ལྷ་ས་དང་གཞིས་ཀ་རྩེ་གཙོས་ས་ཁུལ་མང་དག་ཅིག་ནང་ཆམ་རིམས་དེ་ཁྱབ་གདལ་འགྲོ་བཞིན་ཡོད་པ་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བྱུང་ལ། གོང་ཞུས་འབྲེལ་ཡོད་ནས་ཆམ་རིམས་དེ་ཏོག་དབྱིབས་རིམས་ནད་ལས་ཤུགས་ཚད་ཆེ་བ་ཡོད་པ་དང་། བྱིས་པ་དང་ལོ་ན་རྒན་པ་ཚོར་ཁྱབ་ཚད་མཐོ་བོ་ཡོད་ན་ཡང་། ལྷ་ས་ཁུལ་དུ་སློབ་གྲྭ་ཁག་སྔར་བཞིན་ཚོགས་བཞིན་ཡོད་པ་དང་། འགྲོ་སྐྱོད་སོགས་རྒྱུན་ལྡན་ཡིན་པ་བརྗོད་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བོད་རང་སྐྱོང་ལྗོངས་མི་མང་སྨན་ཁང་དང་། ལྷ་ས་གྲོང་ཁྱེར་མི་མང་སྨན་ཁང་གཉིས་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་ཀྱང་ལན་འདེབས་གནང་མ་བྱུང་ལ། གཞིས་ཀ་རྩེ་གྲོང་ཁྱེར་མི་མང་སྨན་ཁང་གི་འབྲེལ་ཡོད་ལས་བྱེད་ཅིག་ནས་ཆམ་རིམས་དེ་ལྟ་བུ་ཞིག་ཁྱབ་བཞིན་ཡོད་པ་དང་། སྨན་ཁང་ལ་ཡོང་མཁན་ཚོར་ཆམ་རིམས་དེ་ན་བཞིན་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། ན་ཚ་དེའི་ནད་རྟགས་ཚ་བ་འཕར་བ་དང་རུས་ཚིགས་ན་བ་སོགས་ཡོང་གི་ཡོད་སྐོར་བརྗོད་པ་ལས། མི་གྲངས་ག་ཚོད་ཅིག་ལ་ཁྱབ་གདལ་ཕྱིན་ཡོད་མེད་འགྲེལ་བརྗོད་གནང་མ་སོང་མོད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་ནས་ལྷ་ས་ཁུལ་དུ་ཆམ་རིམས་དེ་ཤུགས་ཆེར་ཁྱབ་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཆམ་རིམས་དེ་ནི་ཆམ་རིམས་ཀ་པ་ཞེས་པ་ཡིན་པ་དང་། བྱིས་པ་དང་ལོ་ན་༦༠བརྒལ་ཚར་བའི་རྒན་རྒོན་ཚོར་ཁྱབ་ཚད་ཆེན་པོ་ཡིན་སྟབས། བྱིས་པའི་ཚ་བ་འཕར་ཚད་Celsius ༣༨་ཟིན་པ་དང་སྣ་ཁྲག་ཐོན་ཚེ་ངེས་པར་དུ་སྨན་ཁང་དུ་འགྲོ་དགོས་པ་དང་། ཆམ་རིམས་དེ་ཕོག་ན་དུས་ཡུན་བདུན་ཕྲག་གཅིག་གི་ཉིན་༢པ་དང་༣པར་ཤུགས་ཆེན་པོ་ཡོད་པས་ཡིད་གཟབ་དགོས་པ་སོགས་བརྗོད་འདུག་པ་ལས། གཞུང་འབྲེལ་ངོས་ནས་ཆམ་རིམས་དེ་ཁྱབ་གདལ་ཕྱིན་པ་ནས་མི་སྣ་འདས་གྲོངས་ཀྱི་གནས་ཚུལ་གང་ཡང་བཀོད་མེད་པ་རེད།
རྒྱ་ནག་ནང་ཕྱི་ཟླ་༢པའི་ཚེས་༢༧ནས་བཟུང་ཆམ་རིམས་དེ་ཁྱབ་གདལ་ཕྱིན་ཡོད་པ་དང་། རྒྱ་ནག་གི་ཞི་ཨན་གྲོང་ཁྱེར་གཙོས་གྲོང་ཁྱེར་ཁག་ཅིག་ཏུ་ཆམ་རིམས་དེ་ཁྱབ་གདལ་ཤུགས་ཆེར་ཕྱིན་པས་ས་གནས་སྨན་ཁང་ཁག་ཏུ་ཆམ་རིམས་སྨན་རྫོགས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག་ལ། ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་སུ་ཆམ་རིམས་དེ་ཁྱབ་ཚད་བརྒྱ་ཆ་༦༠ཟིན་ཡོད་པ་དང་། ཞི་ཨན་གྲོང་ཁྱེར་སོགས་སུ་སྲིད་གཞུང་གིས་་རིམས་ནད་འགོག་ཐབས་ཆེད་སྒོ་རྒྱ་བསྡམ་འཆར་ཡོད་སྐོར་བཤད་པར། སྤྱི་ཚོགས་དྲ་ལམ་ཁག་ཏུ་མི་མང་གིས་སྒོ་རྒྱ་བསྡམས་རྒྱུའི་ཐད་ངོ་རྒོལ་བྱས་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།