བོད་ནང་གང་སར་དམ་དྲག་འོག་གྱ་སྟོན་སྲུང་བརྩི་བྱེད་དགོས་བྱུང་བ།


2015.06.25
མདོ་སྨད་རྔ་བ་ཕྱོགས་སུ་བོད་མི་ཚོས་གྱ་སྟོན་སྲུང་བརྩི་བྱེད་བཞིན་པའི་རྣམ་པ། ༢༠༡༥།༦།༢༢ མདོ་སྨད་རྔ་བ་ཕྱོགས་སུ་བོད་མི་ཚོས་གྱ་སྟོན་སྲུང་བརྩི་བྱེད་བཞིན་པའི་རྣམ་པ། ༢༠༡༥།༦།༢༢
བོད་འབྱོར།

བོད་ནང་གི་ས་ཁུལ་མང་པོར་གྱ་སྟོན་གྱི་སྐབས་སུ་རྒྱ་ནག་གིས་དྲ་ལམ་བཀག་ནས་ས་གནས་སུ་དམ་དྲག་བྱས་ཡོད་པ་རེད།
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། མཚོ་སྔོན་མགོ་ལོག་དང་། རྨ་ལྷོ་རེབ་གོང་། ཀན་ལྷོ། ཟི་ཁྲོན་ཕྱོགས་བཅས་ཀྱི་ས་གནས་འདྲ་མིན་གྱི་བོད་མི་ཚོས་རྒྱ་ནག་གཞུང་གིས་ས་གནས་སུ་དམ་བསྒྲགས་བལྟ་རྟོགས་ནན་མོ་བྱེད་བཞིན་པར་མ་བལྟོས་བར། ས་གནས་ཀྱི་གནས་སྟངས་ལ་དཔག་པས་ས་གནས་སོ་སོའི་དགོན་པ་དང་། ཁྱིམ་ཚང་། རི་སྒང་། ཡང་ན་སྤང་ཐང་བཅས་སུ་༧གོང་ས་མཆོག་གི་སྐུ་པར་བསྒྲིགས་པའི་མདུན་མཇལ་དར་བསྒྲོན་པ་སོགས་བྱས་ཏེ། དགའ་སྤྲོ་དང་དད་གུས་ཀྱི་རྣམ་པ་འདྲ་མིན་བསྟན་ནས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་གནང་ཡོད་པ་དང་། བོད་ནང་གི་བོད་མི་ཞིག་གིས་བརྗོད་དོན། མདོ་སྨད་རྔ་བ་ཕྱོགས་སུ་གྱ་སྟོན་རིང་གི་ཉིན་གྲངས་གསུམ་རིང་རྒྱ་ནག་གིས་དྲ་རྒྱ་ཡོངས་སུ་བཀག་ནས་དམ་དྲག་བྱས་བ་དང་། ཐ་ན་ས་གནས་ཀྱི་མང་ཚོགས་ཁྲོད་ཆོས་ཕྱོགས་ཀྱི་རྣམ་པས་ཐོག་གྱ་སྟོན་སྲུང་བརྩིོ་བྱེད་བཞིན་པ་ཙམ་ཡང་ཕྱི་ལ་མི་ཁྱབ་པ་བྱས་ཡོད་ལ། གྱ་སྟོན་དང་འབྲེལ་བའི་བྱེད་སྒོ་མངོན་གསལ་སྤེལ་རྒྱུར་ཡོངས་སུ་དམ་དྲག་བྱེད་དགོས་པའི་བཀའ་བཏང་ཡོད་པ་བརྗོད་བྱུང་། ད་དུང་བོད་ནང་གི་གཡུ་ཆུང་ཉ་མོ་སྲུང་སྐྱོབ་དྭངས་བླངས་པ་ཚོས་གྱ་སྟོན་ཆེད་ཉ་རིགས་མང་པོའི་ཚེ་སྲོག་སྐྱོབ་པའི་བྱ་འགུལ་སྤེལ་འདུག་ལ་མདོར་ན་བོད་ནང་གི་རོང་འབྲོག་གི་ས་ཁུལ་མང་པོ་ཞིག་དང་། དགོན་སྡེ། སློབ་གྲྭ་སོགས་སུ་རྣམ་པ་འདྲ་མིན་ཐོག་སྐུའི་གྱ་སྟོན་སྲུང་བརྩི་གནང་བ་མ་ཟད། ད་དུང་བོད་ནང་གི་བོད་མི་མང་པོས་དྲ་ལམ་འཕྲིན་ལམ་ནས་གྱ་སྟོན་གྱི་བྱེད་སྒོ་སྤེལ་བ་དང་། རྩོམ་པ་པོ་དང་ཤེས་ཡོན་པ་ཚོས་གྱ་སྟོན་དང་འབྲེལ་བའི་རྩོམ་ཡིག་འདྲ་མིན་ཡང་སྤེལ་ཡོད་པ་མ་ཟད་། དེ་བཞིན་བོད་ནང་གི་གཞས་པ་གཞས་མ་ཁག་གཅིག་གིས་གྱ་སྟོན་དང་འབྲེལ་སྐུའི་འཁྲུངས་སྐར་སྲུང་བརྩི་དང་སྟབས་བསྟུན་ནས་༧གོང་ས་མཆོག་ལ་བསྟོད་གཞས་འདྲ་མིན་ཡང་ཆེད་སྒྲིག་བྱས་ནས་དྲ་ལམ་འཕྲིན་ལ་དཀྲམ་བཞིན་ཡོད་པ་རེད།
ཟླ་བ་འདིའི་ཚེས་༢༡ཉིན་མདོ་སྨད་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གྱི་ཁ་གྱ་སྟོད་དགོན་པའི་དགེ་འདུན་པ་ཚོས་ཚོགས་ཆེན་འདུ་ཁང་ནང་། ༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་བ་དང་། དེ་བཞིན་དགོན་པ་ནས་ཕུག་རོན་མང་པོ་དང་། ལུག་སོགས་ཚེ་ཐར་བཏང་བ་བཅས་བྱས་ནས་གྱ་སྟོན་སྲུང་བརྩི་བྱས་ཡོད་པ་མ་ཟད། ཚེས་༢༡དང་ཚེས་༢༢ཉིན་གཉིས་རིང་ས་གནས་སྡེ་བའི་མང་ཚོགས་ནས་རྒྱལ་པོ་སྲུང་བཙན་སྒམ་པོའི་རྣམ་ཐར་དང་། གླིང་རྗེ་གེ་སར་རྒྱལ་པོའི་ནང་གི་ཨ་སྟག་ལྷ་མོ་འཁྲབ་ནས་དུས་སྟོན་སྲུང་བརྩི་བྱས་ཡོད་པ་རེད་ཟེར། སྤྱིར་བཏང་བདུན་ཕྲག་གཅིག་གི་སྔོན་ལ་མང་ཚོགས་ནས་རྣམ་ཐར་འཁྲབ་སྦྱོང་བྱེད་པའི་སྐབས་སུ་ས་གནས་ཀྱི་ཉེན་རྟོག་པ་དང་། ལས་བྱེད་ཉི་ཤུ་ཙམ་ཡོང་ནས། དགོན་པ་དང་སྡེ་བར་སྐོར་གཡེང་ལྟ་རྟོག་བྱས་ཡོད་འདུག
དེ་བཞིན་མདོ་སྨད་རྔ་ཡུལ་སྒོ་མང་དགོན་པའི་དགེ་འདུན་པ་ཆིག་སྟོང་ལྷག་གིས་ཉིན་གསུམ་གྱི་རིང་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུ་ཚེ་བསྐལ་རྒྱལ་བརྟན་པའི་ཞབས་བརྟན་དང་། ལྷག་པར་མགོན་པོ་གང་ཉིད་ཀྱི་སྐུའི་གྱ་སྟོན་དུ་ཉིན་གསུམ་གྱི་རིང་ཆོས་ཕྱོགས་ཀྱི་ཞབས་རིམ་གང་ལེགས་བསྒྲུབས་ཏེ་སྐུའི་གྱ་སྟོན་བསུས་འདུག དེ་བཞིན་རྔ་ཡུལ་གྱི་དགོན་གྲོང་གཉིས་ཀྱིས་ཁག་སོ་སོས་སྐུའི་གྱ་སྟོན་ལ་ཆོས་གྱི་མཛད་སྒོ་གང་མང་སྤེལ་ནས་གྱ་སྟོན་བསུས་འདུག
ཟླ་བ་འདིའི་ཚེས་༢༣ཉིན་མགོ་ལོག་གཅིག་སྒྲིལ་རྫོང་སོག་རུ་ཡུལ་ཚོ་ན་ཡོད་པའི་ཇོ་ནང་ལྕམ་མདའ་དགོན་པའི་ནང་། ༧གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། དགོན་པ་དེའི་བསྟན་པའི་བདག་པོ་མཁན་ཆེན་ཤེས་རབ་གསལ་བྱེད་རིན་པོ་ཆེ་རྣམ་གཉིས་དགུང་གྲངས་བརྒྱད་ཅུར་སོན་པའི་དུས་སྟོན་མཉམ་དུ་འཁེལ་ནས་། ས་གནས་དེའི་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་ལྷག་གིས་རྟེན་འབྲེལ་གྱི་མཛད་སྒོ་གཟབ་རྒྱབ་ཚོགས་པ་དང་། དེ་བཞིན་དགེ་འདུན་པ་ཚོས་དགོན་པའི་འདུ་ཁང་ཆེན་མོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཡོད་པ་མ་ཟད། གྲྭ་ཚང་ལྔ་བརྒྱ་ལྷག་གིས་ཉིན་གསུམ་རིང་ཚེ་ལྷ་རྣམ་གསུམ་སྒོས་ཞབས་བརྟན་བསྒྲུབ་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ་དང་ལྕགས་མོ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་ཁྲིམས་ཁང་གིས་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཀོ་ཝུན་ཀའེ་ལ་ནག་ཉེས་ཡོད་པ་བསྒྲགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ཉིན་བདུན་པར་རྒྱལ་ས་གླེ་ཁུལ་གྱི་བརྒྱ་ཤོག་ཁག་ཏུ་འཚམས་གཟིགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎