ཉི་འོང་གཞུང་གིས་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཁྱམ་པ་ཚོ་ཉི་འོང་དུ་ཡོང་རྒྱུའི་ཐོངས་མཆན་ཞུ་རྒྱུའི་ཆ་རྐྱེན་གུ་ཡངས་གཏོང་འཆར་འདུག

དེ་ཡང་ཉི་འོང་གི་ཕྱི་སྲིད་བློན་ཆེན་ཏ་ཀེ་ཤི་ ཨི་ཝ་ཡ་ (Takeshi Iwaya) ལགས་རྒྱ་ནག་ཏུ་འཚམས་གཟིགས་ཕྱོགས་ཕེབས་གནང་ཡོད་པ་ལྟར། ཉི་འོང་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་མུ་མཐུད་ཡོང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ་རེད། ཕྱི་ཟླ་ ༡༢ ཚེས་༢༥ ཉིན་ཉི་འོང་གི་ཕྱི་སྲིད་བློན་ཆེན་ཏ་ཀེ་ཤི་ ཨི་ཝ་ཡ་ (Takeshi Iwaya) ལགས་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) གཉིས་པེ་ཅིང་དུ་མཇལ་འཕྲད་གནང་པའི་སྐབས། ཉི་འོང་གི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་ཡུལ་སྐོར་བ་ཚོ་ཉི་འོང་དུ་ཡོང་རྒྱུར་ཐོངས་མཆན་ (Visa) ཞུ་རྒྱུའི་དགོས་མཁོ་ཆ་རྐྱེན་ཅུང་གུ་ཡངས་གཏོང་རྒྱུའི་འཆར་གཞི་ཡོད་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) རིང་མིན་ཉི་འོང་དུ་འཚམས་འདྲིར་ཕེབས་རྒྱུ་བཅས་ཀྱི་ཐོག་མོས་མཐུན་བྱུང་ཡོད་པ་རེད། འོན་ཀྱང་ཉི་འོང་གི་ཕྱི་སྲིད་བློན་ཆེན་ཏ་ཀེ་ཤི་ ཨི་ཝ་ཡ་ (Takeshi Iwaya) ལགས་ཀྱིས་ཝང་ཡི་ (Wang Yi) དང་གྲོས་མོལ་གནང་པའི་སྐབས་རྒྱ་ནག་གི་དམག་དོན་བྱ་སྤྱོད་ཤུགས་ཆེ་རུ་གཏོང་བའི་ཐད་སེམས་ཁྲལ་ཆེན་པོ་ཡོད་པའི་སྐོར་གསུངས་ཡོད་པ་མ་ཟད། ཉི་འོང་གི་ལྷོ་ནུབ་ཀྱི་མཚོ་གླིང་དང་ཐག་ཉེ་བའི་དཔལ་འབྱོར་གྱི་ས་ཁུལ་ནང་གི་མཚོ་གྲུ་གསར་པ་དེ་མེད་པར་བཟོ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
ཉི་འོང་གི་ཕྱི་སྲིད་བློན་ཆེན་ཏ་ཀེ་ཤི་ ཨི་ཝ་ཡ་ (Takeshi Iwaya) ལགས་ཉེ་ཆར་ཕྱི་ཟླ་བཅུ་པའི་ནང་ཉི་འོང་གི་ཕྱི་སྲིད་བློན་ཆེན་དུ་བསྐོ་བཞག་བྱས་པའི་རྗེས། ད་རེས་རྒྱ་ནག་ནང་འཚམས་འདྲི་གནང་པ་ཐེངས་དང་པོ་ཡིན་པ་དང་། འཚམས་གཟིགས་དེ་ནི་ཉི་འོང་གི་སྲིད་བློན་ཤི་གེ་རུ་ ཨི་ཤི་པ་ (Shigeru Ishipa) ལགས་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ (Xi Jinping) གཉིས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༡ ནང་པེ་རུ་ (Peru) ནང་འཚོགས་པའི་ལྷན་ཚོགས་ཤིག་གི་ཐོག་ཐེངས་དང་པོ་མཇལ་འཛོམས་ཀྱིས་གྲོས་མོལ་སྐབས་ཕྱོགས་གཉིས་ཀྱི་ཐབས་ཇུས་དང་ཕྱོགས་ཕན་ཚུན་ཁེ་ཕན་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་མོས་མཐུན་བྱུང་བ་དེའི་ལས་དོན་མཇུག་སྐྱོང་གི་ཆེད་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་པ་ཞིག་ཡིན་པ་རེད།
ཉི་འོང་གཞུང་གིས་བརྗོད་དོན་ལྟར་ན། ཕྱི་སྲིད་བློན་ཆེན་རྣམ་གཉིས་ཀྱི་གྲོས་མོལ་དེའི་སྐབས། ཉི་འོང་གི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས་གྲོས་མཐུན་བཞག་པ་དང་མཐུན་པའི་དཀའ་ངལ་གྱི་གནད་དོན་དང་སེམས་ཁྲལ་ཡོད་པའི་གནད་དོན་སེལ་ཐབས་བྱ་རྒྱུ་དང་། མཉམ་ལས་དང་མཐུན་སྦྱོར་གྱི་ལས་དོན་གོང་འཕེལ་གཏོང་རྒྱུར་རྒྱལ་ཁབ་གཉིས་མཉམ་འབྲེལ་གྱི་འབད་བརྩོན་བྱ་རྒྱུའི་ཁས་ལེན་བྱས་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།