༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་གིས་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་དྷར་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་ཆོ་ག་སྒྲུབ་བཞིན་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དང་། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་གིས་སོག་ཡུལ་རྒྱལ་ས་ཨུ་ལན་བྷ་དར་གྱི་དགའ་ལྡན་ཐེག་ཆེན་གླིང་དུ། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སྔོན་འགྲོའི་གནང་སྒོ་ཁག་སྒྲུབ་བཞིན་ཡོད་ཅིང་། ཕྱི་ཟླ་ ༨ ཚེས་ ༩ ནས་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་ས་ཆོག་དང་སློབ་མ་རྗེས་འཛིན་གྱི་ཆོ་ག་དབུ་འཛུགས་གནང་ཡོད་པ་དང་།
ཆེན་པོ་ཧོར་གྱི་བསྟན་པའི་མངའ་བདག་དང་ཇོ་ནང་ཆོས་བརྒྱུད་ཀྱི་བསྟན་བདག་༸སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཀྱང་ལྷན་ཞུགས་གནང་ཡོད་ཅིང་། བྱ་དོ་རིན་པོ་ཆེ་མཆོག་གིས་ཁོང་གི་སྤྱི་ཚོགས་དྲ་ལམ་དུ་བརྙན་ཐུང་ཞིག་འགྲེམས་སྤེལ་གནང་པའི་ནང་། གལ་ཆེ་ཤོས་ནི་དབང་ཞུ་མཁན་ཚོར་ལྷ་དང་བླ་མ། ཡི་དམ་ལ་དད་པ་ཧ་ཅང་བརྟན་པོ་ཞིག་དགོས་པ་དང་། ཚང་མས་སོ་སོས་ཅི་ཐུབ་ཀྱིས་དགེ་སྒྲུབ་སྡིག་སྤོང་གནང་དགོས་པའི་ལམ་སྟོན་གནང་འདུག
ཕྱི་ཚེས་ ༩ ཉིན་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་དར་གྱི་དགའ་ལྡན་ཐེག་ཆེན་གླིང་དུ། སོག་པོའི་དགེ་འདུན་པ་ཚོས་སྨོན་ལམ་གསུང་འདོན་དང་འབྲེལ་དཔལ་དུས་ཀྱི་འཁོར་ལོའི་རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་བཞིན་ཡོད་པ་དང་། ལོ་རྒྱུས་ནང་ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ་བསྟན་པ་སྔ་དར་དང་བར་དར། ཕྱི་དར་གསུམ་བྱུང་སྟེ་ཕྱི་ལོའི་དུས་རབས་ ༡༣ ནས་བོད་ཀྱི་དཔལ་ས་སྐྱ་པའི་ཆོས་བརྒྱུད་ཧོར་གྱི་ཡུལ་ཁམས་སུ་དར་ཡོད་པ་དང་། ཕྱིས་སུ་དུས་རབས་བཅུ་དྲུག་པར་༧རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་པ་ནས་བཟུང་།
སོག་ཡུལ་ཕྱི་ནང་དང་ཨུ་རུ་སུའི་མངའ་ཁོངས་ཀྱི་སོག་རིགས་ཕལ་ཆེ་བས་བོད་ཀྱི་དགེ་ལྡན་པའི་ཆོས་རྒྱུད་ལ་དད་མོས་གནང་ལམ་བྱུང་ཡོད་ནའང་། ཕྱི་ལོའི་དུས་རབས་ཉི་ཤུ་པའི་ནང་དམར་པོའི་གསར་བརྗེ་ལངས་ཏེ་བསྟན་པ་ལ་ཉམས་ཉེས་ཤིན་ཏུ་ཆེན་པོ་བྱུང་ཡོད་པས། ཕྱི་ལོ་ ༡༩༨༠ གྱ་གྲངས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་རིགས་ཚོར་ལམ་སྟོན་དང་རྒྱ་གར་ནང་སོག་པོའི་གྲྭ་རྒྱུན་མང་པོ་བཞེས་པ་བརྒྱུད། སོག་ཡུལ་དུ་ནང་བསྟན་སླར་གསོ་ཆེན་པོ་བྱུང་ཡོད་ཅིང་།
ད་ཐེངས་སོག་ཡུལ་གྱི་དགའ་ལྡན་ཐེག་ཆེན་གླིང་གིས་གསོལ་འདེབས་ཞུས་པ་ལྟར་དུས་འཁོར་དབང་ཆེན་དེར། བྱ་དོ་རིན་པོ་ཆེ་མཆོག་གིས་དབང་གི་སྟ་གོན་སོགས་སྔོན་འགྲོའི་ཆོ་ག་ཁག་དང་མཉམ་དུ། ལམ་གཙོ་རྣམ་གསུམ་དང་རྒྱལ་སྲས་ལག་ལེན་སོ་བདུན་མ་སོགས་ཀྱི་གསུང་ཆོས་ཀྱང་སྩོལ་གནང་གི་ཡོད་པ་དང་། ཕྱི་ཚེས་ ༡༩ ནས་བྱིས་པ་ལྟར་འཇུག་པའི་དབང་བདུན་དང་། ཕྱི་ཚེས་ ༢༠ ནས་རྫོགས་རིམ་ཉན་བསམ་སྒོམ་པ་ལ་དབང་བར་བྱེད་པའི་དབང་གོང་མ་གསུམ་དང་གོང་ཆེན་བཞི། སློབ་མའི་གཙོ་བོ་རྣམས་ལ་སྦྱིན་པར་བྱེད་པའི་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་སོགས་གནང་རྒྱུ་དང་། ཕྱི་ཚེས་ ༢༢ ཉིན་དབང་ཞུ་མཁན་ཚོས་བརྟན་བཞུགས་ཤིག་ཀྱང་བསྟར་འབུལ་གོ་སྒྲིག་གནང་ཡོད་པ་རེད།།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།