སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༤བཞེས་པའི་འཁྲུངས་སྐར་འཛམ་གླིང་ཡོངས་སུ་སྲུང་བརྩི་ཞུས་འདུག
2019.07.06

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༤ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཁལ་མུག་ཡུལ་གྱི་སྲིད་འཛིན་ལས་ཚབ་སྐུ་ཞབས་ Batu Khasikov མཆོག་གིས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུས་འདུག དེ་ཡང་ཁལ་མུག་ཡུལ་གྱི་སྲིད་འཛིན་ལས་ཚབ་མཆོག་གིས་གསུང་འཕྲིན་དེའི་ནང་འཁོད་དོན་ལ། དེ་རིང་ངས་ཁལ་མུག་མི་མང་ཡོངས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་ལ་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་འཚམས་འདྲི་ཞུ་རྒྱུ་དང་སྦྲགས། ༧སྐུའི་འཕྲོད་བཞེས་སྔར་ལས་དྭངས་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། སྐུ་ཉིད་ནས་འཛམ་གླིང་ས་ཕྱོགས་ཀུན་ཏུ་རང་དོན་དོར་ནས། ལེགས་བཤད་གོང་སྤེལ་མཛད་བཞིན་པའི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པར་བརྟེན། ངས་དེ་རིང་གོ་སྐབས་འདི་བརྒྱུད་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། སྐུ་ཉིད་མཆོག་གིས་བདེ་སྐྱིད་ཟེར་བ་དེ་ཉོ་ཆོག་ཆོག་ལྟ་བུ་ཞིག་མིན་པར་འབད་བརྩོན་ལ་བརྟེན་ནས་ཡོང་བ་བྱེད་དགོས་པའི་བཀའ་སློབ་སྩལ་བ་དེ་དག་གིས་གཙོས། ལེགས་བཤད་བསླབ་བྱ་མང་དག་ཅིག་ངས་དུས་རྟག་ཏུ་ཡིད་ལ་འཆང་བཞིན་ཡོད། བསླབ་བྱ་ལེགས་བཤད་དེ་དག་ངའི་མི་ཚེའི་ནང་གི་ལྟ་གྲུབ་གཙོ་བོ་ཆགས་ཡོད་ཅེས་དང་། དེ་བཞིན་ཁལ་མུག་ཡུལ་གྱི་སྲིད་འཛིན་ལས་ཚབ་མཆོག་གི་གསུང་འཕྲིན་དེའི་ནང་གུས་པས་༧གོང་ས་མཆོག་༧སྐུ་ཚེ་ཡུན་རིང་བརྟན་པ་དང་། མཛད་འཕྲིན་མུ་མཐུད་བསྐྱང་ཐུབ་པ། དེ་བཞིན་སློབ་མ་རྣམས་ལ་ནང་ཆོས་བཀའ་སློབ་མཚམས་མ་ཆད་པར་སྩལ་ཏེ། ནང་པ་སངས་རྒྱས་པའི་བསྟན་པ་གོང་ནས་གོང་དུ་དར་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་འདུག ཁལ་མུག་ཡུལ་གྱི་སྲིད་འཛིན་ལས་ཚབ་སྐུ་ཞབས་ Batu Khasikov མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བའི་སྐུའི་འཁྲུངས་སྐར་གྱི་མཚམས་འཕྲིན་དེ་བཞིན་ཁ་ས་རྡ་རམ་ས་ལའི་གསུང་རའི་ནང་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་སྲུང་བརྩི་ཞུ་སྐབས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེ་བསྟོད་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་སྒྲོགས་སྦྱང་ཞུས་གནང་འདུག
དེ་བཞིན་ཐེ་ཝེན་དང་། སིང་གྷ་པུར། མ་ལེ་ཡེ་ཤི་ཡ་སོགས་འཛམ་གླིང་ཡོངས་སུ་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བའི་ཆ་ཤས་སུ། བརྙན་འཕྲིན་བརྒྱུད་ཐེ་ཝེན་གྱི་སྲིད་འཛིན་གཞོན་པ་Chen Chien-jen མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་མཚམས་འདྲི་ཞུས་གནང་བཞག ཐེ་ཝེན་གྱི་རྒྱལ་ས་ཐེ་པེ་རུ་དགའ་ལྡན་ཤར་རྩེ་གྲ་ཚང་གི་ཆོས་ཚོགས་ནས་གོ་སྒྲིག་ཞུས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་ཉིན་རོལ་དབྱངས་འདུ་འཛོམས་ཤིག་བསྐོང་ཚོགས་གནང་ཡོད་པ་དང་། མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་ཐོག་ཐད་ཀར་ལྷན་བཞུགས་གནང་ཡོད་ལུགས་ དགའ་ལྡན་ཤར་རྩེ་གྲ་ཚང་གི་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་གནང་འདུག།