ཆོས་རིག་བཀའ་བློན་མཆོག་གིས་ཉི་ཧོང་ནང་གཟིགས་སྐོར།
2019.07.08

བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་གིས་ཉི་ཧོང་ནང་གཟིགས་སྐོར་དང་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་མཇལ་མོལ་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་གིས་ཟླ་བ་འདིའི་ཚེས་༥ཉིན། ཉི་ཧོང་གི་དེ་སྔའི་ཤེས་རིག་བློན་ཆེན་དང་། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Shimomura Hakubun)་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་ཁོང་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་གུས་བཀུར་ཧ་ཅང་ཞུ་ཡུལ་གྱི་འཚེ་མེད་ཞི་བའི་ཐབས་ལམ་གྱི་མཚོན་རྟགས་ཤིག་ཡིན་པ་དང་། མགོན་པོ་མཆོག་༧སྐུ་ཚེ་ཡུན་དུ་གནས་པ་དང་། འཛམ་གླིང་ཁྱོན་དུ་མུ་མཐུད་བྱམས་བརྩེ་གོང་སྤེལ་གྱི་མཛད་འཕྲིན་བསྐྱང་ཐུབ་པའི་སྨོན་ལམ་ཡོད་པ་དང་། ཉི་ཧོང་གཞུང་ནས་བོད་མིའི་བདེ་དོན་ཆེད་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་སྐོར་གསུངས་ཡོད་ལུགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
སྐབས་དེར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། ད་ལྟ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༡༡༠ བར་༧སྐུ་འཚོ་བཞུགས་མཛད་རྒྱུར་ཡིད་ཆེས་ཞུ་བཞིན་ཡོད་སྐོར་གསུངས་འདུག
ཡང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། ཚེས་༥་ཉིན། ཉི་ཧོང་དུ་རྟེན་གཞི་བྱས་པའི་(Gokokuji)་དགོན་པར་གནས་གཟིགས་དང་འབྲེལ་སྨོན་ལམ་གསུང་འདོན་གནང་ཐོག་བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མིན་སྐད་ཡིག་དང་རིག་གནས། ནང་ཆོས་བཅས་ཉམས་རྒུད་དུ་གཏོང་བཞིན་པའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་འདུག་ལ་བོད་མིའི་འཐབ་རྩོད་ནི་དྲང་བདེན་དང་ཞི་བའི་ལམ་ནས་ཡིན་སྐོར་སོགས་གསུང་པར་ (Gokokuji)་དགོན་པའི་མཁན་པོ་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སེམས་འཚབ་ཤུགས་ཆེ་གནང་བ་དང་སྦྲགས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཏན་ཏན་ཡོང་གི་རེད་ཅེས་གསུངས་འདུག