ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཨོསི་ཊརེ་ལི་ཡའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག

2023.11.14
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཨོསི་ཊརེ་ལི་ཡའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག དེ་སྔ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་རྡ་རམ་ས་ལ་ནས་མཇལ་མོལ་རྗེས།
File Photo CTA

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཕྱི་ཟླ་༡༡པའི་ཚེས་༡༤ནས་ཚེས་༢༡བར་བདུན་ཕྲག་གཅིག་རིང་ཨོསི་ཊརེ་ལི་ཡ་(Australia)་དང་ནིའུ་ཛི་ལེན་ཌའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ་དང་། དེ་ནི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་བཀའ་བློན་གྱི་ཐུགས་འགན་བཞེས་པའི་རྗེས་ཡུལ་དེ་གཉིས་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གཟིགས་ཞིབ་གནང་བ་ཐོག་མ་དེ་ཡིན་པ་རེད། ཨོསི་ཊརེ་ལི་ཡའི་ནང་གི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་མཛད་གཙོ་རྣམ་པ་གང་མང་དོན་གཅོད་ཀྱི་ཁྱབ་ཁོངས་ས་གནས་ཁག་ཏུ་ཕེབས་པ་དེས། མང་ཚོགས་དང་ལྷག་པར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དོ་སྣང་ཡོང་བ་དང་། དེ་བཞིན་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ཀྱང་བོད་དོན་ཐོག་དོ་སྣང་དང་སེམས་ཤུགས་འཕར་མ་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ད་རེས་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས། གཙོ་ཆེ་ཤོས་སྤྱི་ཚེས་༡༦ཉིན་ཨོསི་ཊརེ་ལི་ཡའི་རྒྱལ་ས་ཁན་སྦི་རཱ་ཡི་ནང་དུ། ཆབ་སྲིད་ཚོགས་པ་ཆ་ཚང་གི་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་རྣམ་པས་གོ་སྒྲིག་གནང་སྟེ། བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་བོད་དོན་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་འཆར་དང་། སྤྱི་ཚེས་༡༧ཉིན་ཡུལ་དེའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་ཀྱི་ནང་གཞོན་སྐྱེས་ཚོས་བོད་དོན་དྭང་བླང་ཞུ་གཏུག་གི་ཐབས་བྱུས་ཀྱི་ཟབ་སྦྱོང་ཚོགས་ཤིག་གནང་བཞིན་པའི་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་འཆར་ཡོད་པ་སོགས། སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ནས་འགྲེལ་བརྗོད་གནང་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཨོསི་ཊརེ་ལི་ཡའི་ནང་བོད་རྒྱ་མཛའ་འབྲེལ་ཚོགས་པ་ཁག་ལ་ཐུག་འཕྲད་བཀའ་མོལ་གནང་རྒྱུ་དང་། ཡང་ཡུལ་དེའི་བློ་འདོན་ལྟེ་གནས་ཁང་དེ་འདྲའི་མི་སྣ་ལ་ཐུག་འཕྲད་གོ་བསྡུར་གནང་རྒྱུ་ཡིན་པ། གཞན་ཡང་ནིའུ་ཛི་ལེན་ཌི་རྒྱལ་ཁབ་ཀྱི་ནང་ཕྱོགས་ཕེབས་ཀྱིས་ཡུལ་དེའི་བློ་འདོན་ལྟེ་གནས་ཁང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་གསར་གཏོད་ཀྱི་ལོ་འཁོར་ཚོགས་ཆེན་དུ་ཕེབས་རྒྱུ་མ་ཟད། བོད་ཀྱི་གྲོགས་པོ་དང་ས་གནས་བོད་མི་བཅས་ལ་མཇལ་འཕྲད་གཟིགས་ཞིབ་དང་བཀའ་སློབ་གནང་རྒྱུ་ཡིན་པ་རེད་འདུག


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎