ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་དང་མཇལ་མོལ་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཨོསི་ཊརེ་ལི་ཡའི་(Australia)་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ་ལྟར། སྤྱི་ཟླ་༡༡པའི་ཚེས་༡༦ཉིན་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་ལས་དོན་དང་འབྲེལ་བའི་ཕྱོགས་འགལ་ཚོགས་པའི་བློན་ཆེན་སྐུ་ཞབས་(Simon Brimingham)་ལགས་དང་མཇལ་འཕྲད་གནངབ་མ་ཟད། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་སུ་གཟིགས་སྐོར་དང་འབྲེལ། ཆབ་སྲིད་ཚོགས་པ་སྣ་འཛོམས་ཀྱི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ། བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ་དང་མཉམ། ཨོསི་ཊརེ་ལི་ཡའི་ངོས་ནས་རྒྱ་ནག་དང་འབྲེལ་བ་སླར་གསོ་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བློས་གཏོང་མ་གནང་རོགས་ཞེས་འབོད་སྐུལ་གནང་སྐབས། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་(Sharon Claydon)་ལགས་ཀྱང་ཆེད་བཅར་གནང་ཡོད་པ་མ་ཟད། ཨོསི་ཊརེ་ལི་ཡའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་(Zoe Bedford)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་གྲོས་ཚོགས་འཐུས་མི་གནད་ཡོད་ཁག་ཅིག་གཙོས། ཨོསི་ཊརེ་ལི་ཡའི་ཆབ་སྲིད་ཚོགས་པ་སྣ་འཛོམས་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་དང་། བོད་དང་མཐུན་གྲོགས་ཚོགས་པ་ཁག་བཅས་ལ་མཇལ་འཕྲད་བཀའ་མོལ་གནང་བར་བརྟེན་ནས། རིང་མིན་སྤྱི་ལོ་༢༠༢༤ལོའི་སྤྱི་ཟླ་༡ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་། མཐའ་སྡོམ་སྙན་ཐོ་འདོན་སྐབས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་ཚུལ་གསལ་འདོན་དང་ཁྱད་པར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པ། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སོ་སོའི་གཞུང་ལ་ཡར་ཞུ་དང་འབད་བརྩོན་གྱི་ཆོད་སེམས་བརྟན་པོ་ཡོད་ཅེས། གྲོས་ཚོགས་འཐུས་མི་(Janet Rice)་ལགས་ནས་གསུངས་པ་འགྲེལ་བརྗོད་གནང་གི་འདུག
ཨོསི་ཊརེ་ལི་ཡའི་ནང་གི་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ནས་ཀྱང་། ཨོསི་ཊརེ་ལི་ཡའི་རྒྱལ་ས་ཁཱན་སྦི་རཱ་ཡི་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་གཞོན་སྐྱེས་༥༠བརྒལ་བར་དྭང་བླངས་ཞུ་གཏུག་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུ་གནང་བཞིན་པ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་དབུ་འབྱེད་སྐབས། དམིགས་བསལ་སྐུ་མགྲོན་གྲོས་ཚོགས་འཐུས་མི་(Janet Rice)་ལགས་ནས་བོད་དོན་ཐོག་སོ་སོས་གང་ཐུབ་ཀྱིས་རྒྱབ་སྐྱོར་གནང་ངེས་ཡིན་པ་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་དྭང་བླངས་ཞུ་གཏུག་དང་འབྲེལ་བའི་བོད་དོན་འཐབ་རྩོད་ཐོག་གོམ་པ་སྤོ་སྟངས་སྐོར་ལམ་སྟོན་གནང་ལུགས་འགྲེལ་བརྗོད་གནང་གི་འདུག
ཨོསི་ཊརེ་ལི་ཡའི་ནང་གི་གྲོང་ཁྱེར་སི་ཊི་ནེ་དང་རྒྱལ་ས་ཁཱན་སྦི་རཱ་མངའ་ཁུལ་གྱི་བོད་རིགས་ཚོགས་པའི་འགན་ཡོད་མི་སྣ་ཚོར་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཐུགས་འཕྲད་བཀའ་མོལ་གནང་ཡོད་པ་མ་ཟད། ཨོསི་ཊརེ་ལི་ཡའི་གསང་བའི་ལས་དོན་དང་བདེ་འཇགས་ཆེད་བཙུགས་པའི་གྲོས་ཚོགས་ཀྱི་ཚོགས་ཆུང་གི་ཚོགས་གཙོ་(Peter Khalil)་ལགས་ལའང་མཇལ་འཕྲད་བཀའ་མོལ་གནང་ཡོད་པ་དང་། རིམ་པས་བཀའ་བློན་ནོར་འཛིན་སྒྲོལ་ལགས་བོད་དོན་ཆེད་ནིའུ་ཛི་ལཎ་ཌི་རྒྱལ་ཁབ་ཀྱི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་དང་། དེ་ནི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་བཀའ་བློན་གྱི་ཐུགས་འགན་བཞེས་པའི་རྗེས་ཡུལ་དེ་གཉིས་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གཟིགས་ཞིབ་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།