རྡ་སར་རྒྱ་གར་གྱི་དངུལ་ཁང་ཡན་ལག་ཅིག་གསར་བཙུགས།

བཀའ་ཁྲི་མཆོག་གིས་གངས་ཅན་སྐྱིད་གཤོངས་སུ་རྒྱ་གར་གྱི་དངུལ་ཁང་ཡན་ལག་ཅིག་གསར་འཛུགས་དབུ་འབྱེད་གནང་ཡོད་པ་རེད།

2011-12-23
Share

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས། བཙན་བྱོལ་བོད་གཞུང་གི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་སུ་རྒྱ་གར་གྱི་དངུལ་ཁང་ཡན་ལག་ཅིག་གསར་འཛུགས་དབུ་འབྱེད་གནང་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་གཞུང་གིས་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། དེ་རིང་སྔ་དྲོའི་ཚོུད་༡༠ པའི་ཐོག་བཀའ་བློ་ཁྲི་པ་མཆོག་གིས། རྒྱ་གར་གྱི་ཁེ་ན་ར་(Canara)དངུལ་ཁང་གི་ཡན་ལག་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མར། དར་མཚོན་གྱི་མདུད་པ་བཀྲོལ་གནང་བ་དང་དེ་རྗེས་སྣང་གསལ་ཞལ་ཕྱེ་གནང་བ་དང༌། རྒྱལ་བ་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་ཡོད་ཅིང༌། སྐབས་དེར་མཛད་སྒོར་ཕེབས་པའི་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་དང༌། བཀའ་བློན་རྣམ་པ། བོད་མི་དམངས་སྤྱི་འཐུས་རྣམ་པ། དྲུང་ཆེ་རྣམ་པ་སོགས་སྐུ་མགྲོན་ཚོས་རིམ་བཞིན་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་ཡོད་པ་རེད། དེ་རྗེས་མཛད་སྒོར་ཕེབས་པའི་རྒྱ་གར་གྱི་གྲོང་ཁྱེར་ཅན་རྡི་སྒར་ཡོད་པའི་ཁེ་ན་ར་དངུལ་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་སྦི་ཀའ་སི་ཨ་རྡི་ཀ་རི་ཡིས། འདུ་འཛོམས་དེའི་ཐོག་རྒྱ་གར་ཁྱོན་ཡོངས་སུ་ཁོང་ཚོའི་དངུལ་ཁང་གི་ཡན་ལག་ཁག་གསུམ་སྟོང་བཞི་བརྒྱ་ལྔ་བཅུ་ལྷག་ཡོད་པ་མ་ཟད། རྒྱ་གར་གྱི་དངུལ་ཁང་སྐད་གྲགས་ཆེ་བ་ལྔའི་ཁོངས་སུ་ཚོུད་ཡོད་ལུགས་དང༌། དམིགས་བསལ་ཧི་མ་ཅལ་མངའ་སྡེ་ཁོ་་ནའི་ནང་ཁོང་ཚོའི་ཡན་ལག་དངུལ་ཁང་ཉིས་ཤུ་བཙུགས་ཟིན་པ་དང༌། ད་རེས་བཙན་བྱོལ་བོད་གཞུང་གི་བསྟི་གནས་སུ་གསར་འཛུགས་ཐུབ་པར་བོད་གཞུང་གི་ཐོག་ནས་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།
དེ་རྗེས་བཀའ་བློན་ཁྲི་པ་མཆོག་གི་གཏམ་བཤད་ནང༌། ཁེ་ན་ར་དངུལ་ཁང་གི་འགན་འཛིན་དང༌། ཡན་ལག་དངུལ་ཁང་གསར་པའི་འགན་འཛིན་ལ་འཚམས་འདྲི་གནང་བ་དང་སྦྲགས་ཡན་ལག་དངུལ་ཁང་འཛུགས་རྒྱུར་མཐུན་འགྱུར་བཀའ་ཤག་ནས་གནང་ཡོད་པ་དང༌། དངུལ་ཁང་དེའི་ཐོག་ནས་བོད་མི་རྣམས་ལ་ཕན་ཐོགས་གང་ལེགས་ཡོང་བའི་ཐུགས་རེ་གནང་གི་ཡོད་པའི་སྐོར་གསུང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།