བཀའ་ཁྲི་མཆོག་གིས་གསར་འགྱུར་བརྒྱུད་ལམ་སྐོར་གསུང་བཤད།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་གིས་མད་ཡ་པྲ་དེཤ་སྤྱི་ཁྱབ་བློན་ཆེན་དང་མཇལ་འཕྲད་གནང་ཡོད་པའི་གནས་ཚུལ།

2011-12-29
Share

༄༅༎ཟླ་བ་འདིའི་ཚེས་ ༢༨ རེས་གཟའ་ལྷག་པའི་ཉིན་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ མད་ཡ་ པྲ་དེཤ་མངའ་སྡེའི་གཞུང་ནས་མགྲོན་འབོད་ལྟར་མད་ཡ་ པྲ་དེཤ་ཡི་རྒྱལ་ས་ བྷོ་པལ་ནང་ ཕེབས་ཏེ། མངའ་སྡེའི་སྲིད་སྐྱོང་ སྐུ་ཞབས་ རམ་་ན་རེཤ་ ཡ་དོལྦ་ མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད། དེ་རྗེས་ ཁོང་གིས་ བྷོ་པལ་ཁུལ་གྱི་བོད་མི་སུད་ཚོང་བ་མི་གྲངས་ ༢༠༠ ཙམ་ལ་བླང་དོར་གྱི་གསུང་བཤད་གནང་འདུག་ ཉིན་དགུང་རྒྱབ་ལ་ བཀའ་བློན་ཁྲི་པ་མཆོག་གིས་ བྷོ་པལ་ནང་རྟེན་གཞི་བྱས་པའི་ མ་ཁན་ ལལ་ ཅ་ཏུར་བེ་དི རྒྱལ་ཡོངས་གཙུག་ལག་སློབ་གྲའི་ནང་། གསར་འགྱུར་བརྒྱུད་ལམ་ནང་ སྤྱི་ཚོགས་ཀྱི་རྣམ་པ་འདྲ་མིན་མཚོན་ཐབས་ ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་ཏུ་ཕེབས་ཏེ་ ལྷན་ཚོགས་ཀྱི་མཇུག་བསྡོམས་གསུང་བཤད་གནང་ཡོད་པ་རེད་ བཀའ་ཁྲི་མཆོག་གིས་གསུང་བཤད་ནང་ གསར་འགྱུར་བརྒྱུད་ལམ་ཁག་དང་ལྷག་པར་དུ་ དྲ་རྒྱའི་བརྒྱུད་ནས་ དེང་སྐབས་འཛམ་གླིང་ནང་གནས་ཚུལ་གོ་རྟོགས་སྤེལ་རྒྱུའིནུས་ཤུགས་ཇེ་ཆེར་འགྲོ་བཞིན་པ་དེས་ དཀྱིལ་ཤར་ཡུལ་གྲུ་དང་ རྒྱ་ནག་ དེ་བཞིན་བོད་ནང་གི་བོད་མི་ཚོའི་དངོས་ཡོད་གནས་ཚུལ་རྣམས་ཕྱིར་མངོན་གསལ་ཐུབ་པ་བྱུང་བཞིན་པའི་ཤུགས་རྐྱེན་གྱིས་ དཀའ་སྡུག་མྱོང་བཞིན་པའི་མི་མང་རྣམས་ལ་ཧ་ཅང་ཕན་རླབས་བྱུང་ཡོད་ཞེས་དང་ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ དྲ་རྒྱ་སོགས་ཀྱི་བརྒྱུད་ རྒྱ་རིགས་ཤེས་ཡོན་ཅན་དང་ སློབ་ཕྲུག རྩོམ་པ་པོ་སོགས་ལ་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་དང་ ལྷག་པར་བོད་མི་ཚོས་ རྒྱ་ནག་དང་ཁ་བྲལ་མ་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་གོ་རྟོགས་སྤེལ་ཏེ་ བོད་རྒྱ་མི་རིགས་གཉིས་ཀྱི་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་ཀྱི་མཛད་རྗེས་ལ་ཕན་ཐོགས་ཧ་ཅང་བྱུང་ཡོད་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་ལས་ཁུངས་ནང་དྲྭ་བརྙན་ཚན་པ་དང་ བདུན་རེའི་གསར་ཤོག་བོད་མིའི་རང་དབང་། ཟླ་རེའི་བོད་ཡིག་དུས་དེབ་ཤེས་བྱ། དབྱིན་བོད་རྒྱ་གསུམ་གྱི་སྐད་ཡིག་དྲ་རྒྱ་ དེ་བཞིན་སྐུ་ཚབ་དོན་ཁང་གི་ཨུ་རུ་སུ་དང་རྒྱ་སྐད། ཉི་ཧོང་སྐད། སི་པེ་ནི་ཤིའི་སྐད། དབྱིན་སྐད་སོགས་ཀྱི་ནང་བོད་དོན་དང་འབྲེལ་བའི་གནས་ཚུལ་དྲ་ལམ་བརྒྱུད་ནས་དྲིལ་བསྒྲགས་གནང་བཞིན་ཡོད་སྐོར་དང་ གཞན་ཡང་ རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཨ་རིའིརླུང་འཕྲིན་ཁང་དང། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང ནོར་ཝེ་རླུང་འཕྲིན་ཁང་བཅས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ ལྷག་པར་བོད་ནང་གི་གཞིས་ལུས་བོད་མི་རྣམས་ལ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོ་དང་ལས་དོན་བྱེད་ཕྱོགས་ རྒྱལ་སྤྱིའི་གནས་ཚུལ་ དེ་བཞིན་བོད་མིའི་རང་དབང་འཐབ་རྩོད་བཅས་ཀྱི་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་དང་སྤེལ་མུས་ཡིན་པར་བརྟེན་ གཞིས་ལུས་བོད་མི་རྣམས་ཀྱིས་ བརྒྱུད་ལམ་དེ་དག་ཟུངས་ཟད་ཀྱི་ནད་པར་སྨན་ལྟ་བུ་རྩིས་བཞིན་ཡོད་སྐོར་སོགས་ཞིབ་ཕྲ་གསལ་བཤད་གནང་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎