བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་བཀའ་བློན་དུ་འདེམས་བསྐོ།
2019.03.22
སྤྱི་འཐུས་རྣམ་པས་གསང་བའི་འོས་ཤོག་འཕངས་པའི་ཐོག་ནས་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་བཀའ་བློན་དུ་འདེམས་ཐོན་བྱུང་འདུག
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཞི་པ་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ལྟའི་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་སུ་བཀའ་བློན་འོས་མིར་མིང་འདོན་གནང་བར་གྲོས་ཚོགས་ནང་དགག་པ་བྱུང་བར་བརྟེན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྒྲིག་གཞི་གཞིར་བཟུང་ངོ་ཡོད་སྤྱི་འཐུས་རྣམ་པས་གསང་བའི་འོས་འཕེན་དགོས་པའི་སློབ་སྟོན་གནང་ཞིང་། སྤྱི་འཐུས་ཉི་ཤུ་ཙ་གཅིག་གིས་འོས་པ་དང་སྤྱི་འཐུས་བཅོ་བརྒྱད་ཀྱིས་མི་འོས་པ། འོས་ཤོག་གཉིས་རྩིས་མེད་དང་གཅིག་སྟོང་པ་ཐོན་སྟེ་མཐར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་སུ་འོས་གྲངས་༢༡་ཐོབ་ཡོད་པར་སོང་བཀའ་བློན་ལ་འདེམས་ཐོན་བྱུང་བའི་གསལ་བསྒྲགས་གནང་ཡོད་པ་རེད།
སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ལྷན་ཁང་གང་གི་བཀའ་བློན་གྱི་འགན་འཁུར་ཞུ་མིན་དེ་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་འཁུར་དང་གསང་རྒྱའི་དམ་བཅའ་འམ་ཁས་ལེན་ཞུས་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་བཀོད་སྒྲིག་གནང་རྒྱུ་ཡིན་ཞིང་། སྤྱི་ཚོགས་ཀྱི་ནང་། ད་ལྟའི་ཆར་ཕྱི་དྲིལ་བཀའ་བློན་མེད་སྟབས་འགའ་རེས་ཁོང་ཕྱི་དྲིལ་བཀའ་བློན་དང་ཡང་འགའ་རེས་ཁོང་འཕྲོད་བསྟེན་བཀའ་བློན་གནང་དུ་བསྐོ་བཞག་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲི་ཞུ་བ་གནང་ནས་ལོ་ངོ་བཞི་བཅུ་ཙམ་འགྲོ་གི་ཡོད་འདུག་ཅིང་། ཁོང་གིས་ཁོང་ལ་སྡེ་ཚན་གང་གི་བཀའ་བློན་དུ་བསྐོ་བཞག་བྱུང་ཡང་ཞབས་ཕྱི་ཧུར་ཐག་ཞུ་རྒྱུ་ཡིན་པ་གསུངས་འདུག
སྐབས་དེར་གྲོས་ཚོགས་ནང་ངོ་ཡོད་སྤྱི་འཐུས་༤༣ ཡོད་སྟབས་འོས་གྲངས་༢༡ དེ་རྩ་འབོར་གྱི་བརྒྱ་ཆ་ལྔ་བཅུ་ལོན་པ་མཚོན་མིན་ཐད་གླེང་སློང་བྱུང་ཡོད་ན་ཡང་། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བཅའ་ཁྲིམས་ནང་གྲངས་ཆུང་བརྩི་དགོས་པ་གསལ་མེད་སྟབས་བརྒྱ་ལྔ་བཅུ་ལོན་ཡོད་པར་ངོས་འཛིན་ཆོག་རྒྱུ་འགྲེལ་བཤད་གནང་ཡོད་པ་རེད།
བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཕྱི་ལོ་༡༩༥༥་འཁྲུངས་ཤིང་། ༡༩༧༣ ལོར་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གཉེར་ཐོན་རྗེས་ཐོག་མར་བལ་ཡུལ་ཤར་ཁུམ་སློབ་གྲར་དགེ་ཆེ་དང་། དེའི་རྗེས་མུ་མཐུད་གཞུང་ཞབས་ལས་སྣེར་བཞུགས་ནས་རྩིས་པ་དང་དྲུང་ཡིག། མཉམ་དྲུང་། ས་གནས་འགོ་འཛིན། ནང་སྲིད་དང་འཕྲོད་བསྟེན་གཉིས་སུ་ཟུང་དྲུང་དང་དྲུང་འཕར། ཤེས་རིག་དྲུང་ཆེ་བཅས་ཀྱི་ལས་འགན་ཞུས་ཡོད་པ་དང་ད་ལྟ་བཀའ་ཤག་གི་དྲུང་ཡིག་ཆེན་མོ་གནང་བཞིན་པ་རེད།