ཀརྨ་ཚེ་བརྟན་ལགས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགོ་ཁྲིད་དུ་བདམས་འདུག
བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག ཕྱི་ཟླ་ ༡ ཚེས་ ༢༢ ཉིན་ཀརྨ་ཚེ་བརྟན་ལགས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་སྲིད་གཞུང་གི་འགོ་ཁྲིད་དུ་བདམས་པ་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞེས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཁྲིད་ཚོགས་པས་གསལ་བསྒྲགས་བྱས་འདུག
གསལ་བསྒྲགས་དེ་དང་མཉམ་ཀརྨ་ཚེ་བརྟན་ལགས་གྱི་ལོ་རྒྱུས་སྙིང་བསྡུས་ཤིག་སྤེལ་བའི་ནང་། ཀརྨ་ཚེ་བརྟན་བོད་རིགས་ཡིན་པ་དང་། ཕྱི་ལོ་ ༡༩༦༧ ཟླ་ ༡༢ ནང་སྐྱེས་ཤིང་། སློབ་ཆེན་ཡོན་ཚད་ཡོད། སྤྱི་པའི་དོ་དམ་གྱི་ཤེས་རམས་པ། དམར་ཤོག་ཚོགས་པའི་ཚོགས་མི། ད་ལྟ་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྗེས་སྣོན་རྒྱུན་ལས་དང་། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་གཞོན་པ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དམར་ཤོག་ཚོགས་ཆུང་གི་དྲུང་ཆེ་དང་འགོ་གཙོ་ཡིན་པ་བཅས་སྙིང་བསྡུས་ཤིག་བཀོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། ཀརྨ་ཚེ་བརྟན་ལགས་ནི་ཕྱི་ལོ་ ༡༩༦༧ ལོར་བོད་ཀྱི་འཇོ་མདའ་རུ་སྐྱེས་པ་དང་། དེ་སྔོན་བོད་རང་སྐྱོང་ལྗོངས་ནག་ཆུ་ས་གནས་ཀྱི་རྒྱུན་ལས་འགོ་ཁྲིད་གཞོན་པ་དང་། ནག་ཆུ་ས་གནས་སྲིད་ཁྲིམས་ལས་ཁུངས་ཀྱི་འགོ་ཁྲིད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཕྱི་ལོ་ ༢༠༢༡ ནས་བཟུང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ལས་ཚོགས་མི་དང་། བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་། ཕྱི་ལོ་ ༢༠༢༤ ཟླ་ ༡ པོའི་ནང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པ་དང་ལོ་དེའི་ཕྱི་ཟླ་ ༥ ནང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་འགོ་གཙོ་གཞོན་པར་བསྐོ་གཞག་བྱས་པ། ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༨ ཉིན་བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་སྐབས་ ༡༢ རྒྱུན་ལས་གྲོས་ཚོགས་ཐེངས་ ༡༣ ཟེར་བའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཡན་ཅན་ཧའེ་དགོངས་ཞུ་བྱས་པའི་ལས་ཚབ་ཏུ་བསྐོ་བཞག་བྱས་རྗེས། ད་རེས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་འགོ་ཁྲིད་དུ་བདམས་པ་ཞིག་ཡིན་པ་རེད།
བོད་རང་སྐྱོང་ཟེར་བའི་ནང་འགོ་ཁྲིད་འཕོ་འགྱུར་བཏང་བ་འདིའི་ཐད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་དང་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། སྔོན་མ་ལོ་རབས་ ༨༠ དང་ ༩༠འི་ནང་བོད་ནང་བོད་རིགས་འགོ་ཁྲིད་བྱུང་བ་ཡིན་ན་ཅུང་ཁྱད་པར་ཡོད་ཀྱང་། ད་ཆ་བོད་རིགས་འགོ་ཁྲིད་ཚོ་གོ་གནས་ག་བར་བཏང་ཡང་ཕྱིའི་མིང་ཙམ་མ་གཏོགས་ཐག་གཅོད་ཀྱི་དབང་ཆ་གང་ཡང་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། བོད་ནང་གི་འགོ་ཁྲིད་ལ་འགྱུར་བ་བཏང་བ་དེས་བོད་ཀྱི་གནས་སྟངས་ཐད་ཕན་ཐོགས་མིན་དང་། བོད་ཐོག་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཐེབས་མིན་བཤད་ཁག་པོ་རེད། ཕྱོགས་གཞན་ནས་རྒྱ་ནག་དམར་ཤོག་ཚོགས་པའི་འགྲོ་ལུགས་ལྟར་ན། ས་གནས་ཀྱི་འགོ་ཁྲིད་ཚོ་ལ་དབང་ཆ་མེད་པ་དང་། ལྷག་པར་དུ་བོད་རིགས་འགོ་ཁྲིད་ཚོ་ལ་དེ་བས་ཀྱང་དབང་ཆ་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།